ཕ་ཤུལ་བུ་འཛིན་གྱི་རང་བཙན་གོམ་བགྲོད།

༧གོང་ས་མཆོག་གི་གཅེན་པོ་སྟག་འཚེར་རིན་པོ་ཆེ་བོད་རང་བཙན་འཐབ་རྩོན་གནང་མཁན་ཞིག་ཡིན་པ་དང་། རང་བཙན་མཐུན་ཚོགས་གསར་འཛུགས་གནང་མཁན་གཙོ་བོ་ཡིན་པ་མ་ཟད། དུས་ནས་དུས་སུ་རང་བཙན་ལས་འགུལ་འདྲ་མིན་སྤེལ་བ་མ་ཟད། དགུང་ལོ་ཧ་ཅང་མཐོ་ནའང་སྐུ་མ་གཤེགས་བར་དུ་རང་བཙན་གོམ་བགྲོད་ཀྱི་ཞི་བའི་ལས་འགུལ་ཐེངས་མང་སྤེལ། ཁོང་གི་སྲས་ཆུང་བ་འཇིགས་མེད་ནོར་བུ་ཡང་ཁོང་དང་མཉམ་དུ་དུས་རྒྱུན་ལས་འགུལ་སྤེལ་སར་ཕེབས་ཀྱི་ཡོད་པ་རེད།
སྟག་འཚེར་རིན་པོ་ཆེ་སྐུ་གཤེགས་པ་དང་། སྲས་འཇིགས་མེད་ནོར་ལགས་ཀྱིས་མུ་མཐུད་རང་བཙན་ལས་འགུལ་མཇུག་སྐྱོང་གནང་སྟེ། ཉེ་བའི་ཆར་རང་བཙན་གོམ་བགྲོད་དུ་ཕེབས་སྐབས། ཨ་རིའི་མངའ་སྡེ་ཧྤོ་ལོ་རེ་ཌའི་ནང་རླངས་འཁོར་གྱིས་བརྡུང་ནས་སྐུ་སྲོག་ཤོར་བའི་ཡིད་སྐྱོའི་གནས་ཚུལ་སླེབས་ཡོད་པ་རེད། དེ་རྗེས་གོམ་བགྲོད་ཕེབས་རོགས་ཚོས་མུ་མཐུད་གོམ་བགྲོད་མཇུག་སྐྱོང་གནང་གི་ཡོད་པ་དང་། ཁོང་གི་སྲས་ལོ་ན་༡༢ ཅན་ཞིག་དང་ཁོང་གི་སྤུན་མཆེད་གཉིས་ཀྱིས་ཕ་ཤུལ་བུ་འཛིན་རང་བཙན་གོམ་བགྲོད་དེ་མཇུག་སྐྱོང་གནང་འཆར་ཡོད་འདུག

སྟག་འཚེར་རིན་པོ་ཆེ་ཡབ་སྲས་གཉིས་ཀྱིས་སྐུ་འཚོ་བཞུགས་མ་གནང་བ་དེ་ནི་བོད་ཀྱི་རང་བཙན་འཐབ་རྩོད་ཀྱི་མི་སྣ་གལ་ཆེན་གཉིས་མེད་པ་ཆགས་པ་ཡིན་པས། བོད་མི་ཚོས་མྱ་ངན་དང་བསྔོ་སྨོན་ཞུ་བཞིན་ཡོད་པ་རེད། བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་གཙོས། ས་གནས་གཞོན་ལྷན་དང་ཚོགས་པ་ཁག་འདྲ་མིན་གྱིས་མྱ་ངན་གུས་འདུད་དང་བསྔོ་སྨོན་མཆོད་འབུལ་གནང་གི་ཡོད་པ་རེད།

འདི་གའི་གསར་འགོད་པས། བལ་ཡུལ་ནས་བཏང་བའི་གནས་ཚུལ་ནང་འཁོད་དོན། བལ་ཡུལ་དུ་བོད་མི་ཚོས་བོད་ཀྱི་དབུ་ཁྲིད་གོང་ས་མཆོག་གི་སྐུ་ཕྱའི་ཞབས་རིམ་བསྒྲུབ་པ་དང་འདས་པོ་འཇིགས་མེད་ནོར་བུའི་ཆེད་མཆོད་འབུལ་བསྔོ་སྨོན་གྱི་བྱེད་སྒོ་སྤེལ་ཡོད་པ་རེད།
དེ་ནི་ཕྱི་ཚེས་ ༡༨ ཉིན་བལ་ཡུལ་ཀཱ་ཐ་མན་ཀྲུའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གྱིས་གོ་སྒྲིག་བྱས་བ་དང་བོད་མི་དྭངས་བླངས་བ་མང་པོ་མཉམ་ཞུགས་ཀྱིས། ཐོག་མར་བལ་ཡུལ་གྱི་མཆོད་འཇོར་ཚོགས་ཁང་དུ་བོད་མི་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་གནང་སྟེ་༸རྒྱལ་བའི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་སླད་བོད་མི་ཚོས་མ་ཎི་དང་སྒྲོལ་མ་གསོག་སྒྲུབ་བྱས་ཡོད་པ་དང་། དགུང་དྲོརྒྱལ་གཅེས་བོད་དོན་འཐབ་རྩོད་པ་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེའི་སྲས་འཇིགས་མེད་ནོར་བུ་ལགས་ཀྱི་སྐུ་པར་མདུན་ཚང་མས་མྱ་ངན་བྱེད་པ་དང་། མཆོད་འབུལ་སྨོན་ལམ་གསུངས་བ་སོགས་ཀྱི་བྱ་འགུལ་སྤེལ་ཡོད་པ་རེད།

ས་གནས་བོད་ཀྱི་གཞོན་ལྷན་གྱི་ཚོགས་གཙོ་ཚེ་དབང་སྒྲོལ་མ་ལགས་ནས་གསུང་དོན། ཁོང་ཚོས་གཅིག་ནས་ལོ་གསར་པ་འདིའི་ནང་བོད་ཀྱི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཞབས་པད་བརྟན་ཅིང་མཛད་འཕྲིན་ཡར་ངོའི་ཟླ་ལྟར་འཕེལ་བའི་ཆེད་ཞབས་རིམ་ཁག་སྣ་མང་གསོག་སྒྲུབ་དང་། གཞན་གཞོན་ལྷན་དང་བལྟ་བ་ལངས་ཕྱོགས་མཐུན་པའི་བོད་དོན་འཐབ་རྩོད་པ་རྒྱལ་གཅེས་བ་སྐུ་ཚ་འཇིགས་མེད་ནོར་བུ་མཆོག་གི་ཆེད་མྱ་ངན་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་འདི་སྤེལ་བ་ཡིན། ཁོང་གློ་བུར་དུ་རྐྱེན་འདས་ལ་སོང་བ་ནི་བསམ་ཡུལ་ལས་འདས་བའི་གནས་ཚུལ་ཞིག་དང་བོད་དོན་འཐབ་རྩོད་ཐད་ཀྱི་གྱོང་གུད་ཆེན་པོ་ཞིག་ཡིན་སྐོར་གསུངས་སོང་།

སྤྱིར་བལ་ཡུལ་ནང་གི་བོད་མི་ཛཝངས་བླངས་བ་ཚོས་གཅིག་མཚུངས་ཉིན་དེར་མཆོད་འབུལ་བསྔོ་སྨོན་གྱི་བྱེད་སྒོ་སྤེལ་མཆར་ཡོད་ཀྱང་རྗེས་ས་གནས་གཞོན་ནུའི་ལས་འགུལ་ཡོད་པར་བརྟེན་དེ་ལ་མཉམ་ཞུགས་བྱས་བ་ཡིན་འདུག།
སྐུ་ཚ་འཇིགས་མེད་ནོར་བུ་ལགས་ནི་དགུང་ལོ་ ༤༥ ཡིན་པ་དང་། སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་མཆོག་གི་སྲས་ཆུང་ཤོས་ཡིན་པ་དང་། འདས་པའི་ནང་ཕ་དམ་པ་དང་མཉམ་དུ་ཐེངས་མང་པོར་ཡུལ་གྲུ་གང་སར་བོད་རང་བཙན་གྱི་གོམ་བགྲོད་གནང་མྱོང་བ་ལྟར་རྗེས་སུ་ཕ་དམ་པའི་ལས་འགུལ་མཇུག་སྐྱོང་ཆེད་དམ་བཅའ་བརྟན་པོས་ཨ་རི་གཙོས་ཡུལ་གྲུ་འདྲ་མིན་ལ་བོད་དོན་ཆེད་གོམ་བགྲོད་གནང་བཞིན་པར་ཉིན་ཤས་སྔོན་ཨ་རིའི་མངའ་སྡེ་ཧྤོ་ལོ་རེ་ཌའི་ནང་གི་གོམ་བགྲོད་མཇུག་བསྒྲིལ་ལ་ཉེ་སྐབས་སྟབས་མ་ལེགས་པར་རླངས་འཁོར་ཞིག་གི་བརྡབ་སྐྱོན་བྱུང་སྟེ་རྐྱེན་འདས་ལ་སོང་ཡོད་འདུག

{jcomments on}