གཞོན་ལྷན་གྱིས་འོས་མི་འདོན་པའི་ལས་འགུལ་སྤེལ་གྱི་མེད།
དེ་རིང་ཕྱི་དགོང་མོ་སྟེ། ཟླ་འདིའི་ཚེས་༡༩ ཉིན་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་ཞེན་དང་། འགན་ཁུར། གོ་སྐབས་ཞེས་པའི་བརྗོད་གཞིའི་ཐོག་དྷ་ས་མག་གྷན་ཉིན་མོའི་སློབ་གྲྭ་རུ་བགྲོ་གླེང་ཞིག་ཚོགས་པ་དང་། སྐབས་དེར་གཙོ་བོ་འོས་བསྡུ་ཆེན་མོའི་སྐབས་འགོ་ཁྲིད་ག་འདྲ་ཞིག་དགོས་མིན་དང་། དེ་དང་འབྲེལ་བའི་མང་ཚོགས་ཀྱིས་ལས་འགུལ་སྤེལ་ཕྱོགས་སྐོར་ཡིན་པ་རེད།
གཏམ་བཤད་པ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་དང་། རྩོམ་པ་པོ་བྱ་དོར་ཕུན་ཚོགས་དབང་ཕྱུག།གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་དབང་ཕྱུག་བཅས་ཡིན་པ་རེད།
དང་ཐོག་གཞོན་ལྷན་གྱི་ཚོགས་གཞོན་དོན་གྲུབ་ལྷ་དར་གྱིས་བགྲོ་གླེང་ཚོགས་དགོས་པའི་གནད་དོན་སྐོར་གསུང་དོན། ཐེངས་འདིར་མི་མང་གིས་རྒྱལ་ཁབ་དང་མི་རིགས་ལ་འགན་ཁུར་བའི་ཐོག་ནས་གདམ་ག་མ་ནོར་བ་ཞིག་དགོས་པ་དྲན་སྐུལ་གྱི་ཆེད་དང་། ཆིག་སྒྲིལ་གྱི་གོ་རྟོགས་སྔར་ལྷག་དགོས་པས་ཡིན། དེང་སྐབས་བོད་ནང་ཛ་དྲག་ཆེ་རུ་འགྲོ་ཡི་ཡོད་པ་དང་། ༧གོང་ས་མཆོག་དགུང་ལོ་མཐོ་རུ་ཕེབས་ཀྱི་ཡོད་པས། ཐེངས་འདིའི་བཀའ་སྤྱི་གཉིས་གནད་འགག་ཆེན་པོ་ཡིན་པར་བརྟེན། མི་མང་གིས་དེ་ལུགས་འགན་ཁུར་དགོས་པ་རེད། གཞོན་ནུ་ལྷན་ཚོགས་དེ་ཆབ་སྲིད་ཚོགས་པ་མིན་པར། འཐབ་རྩོད་པའི་སྒྲིག་འཛུགས་ཤིག་ཡིན་པས། མང་གཙོའི་གོ་རྟོགས་སྤེལ་རྒྱུ་དང་། དེ་བཞིན་འོས་བསྡུའི་ཆ་ཤས་ལེན་དགོས་པ་སོགས་ཀྱི་ཆེད་དུ་ལས་འགུལ་གང་མང་སྤེལ་བ་ལས། འོས་གཞི་འདོན་པ་དང་། འོས་མི་གང་རུང་ལ་གཞོན་ལྷན་གྱི་མིང་ཐོག་ནས་དབུས་ས་གཉིས་ནས་རྒྱབ་སྐྱོར་དང་ཁྱབ་བསྒྲགས་བྱེད་ཀྱི་མེད། མང་མོས་ཀྱིས་སུ་འདེབས་ཐོན་བྱུང་བ་དེར་ངོས་བྱེད་ཀྱི་རེད་ཅེས་སོགས་འགྲེལ་བརྗོད་གནང་སོང་།
བཀྲ་ཤིས་དབང་ཕྱུགས་ལགས་ཀྱིས་“འོས་བསྡུའི་གོ་སྐབས་དང་གསར་འགོད་པའི་ལས་འགན་”གྱི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས། གསར་འགོད་པས་གནས་ཚུལ་ཚད་ལྡན་བསྡུ་རུབ་ཀྱིས་སྤེལ་དགོས་པའི་འགན་ཧ་ཅང་གལ་ཆེན་པོ་རེད། དེ་ལས་ཀྱང་མང་ཚོགས་ཀྱིས་བརྒྱུད་ལམ་ལ་དོ་སྣང་དང་། བསམ་ཚུལ་འདོན་དགོས་པ་དེ་གལ་ཆེན་པོ་རེད། མང་ཚོགས་ལ་དོ་སྣང་མེད་ན། གསར་འགོད་པས་གནས་ཚུལ་དྲང་པོ་ག་ཚོད་སྤེལ་ཡང་ཕན་ཐོགས་ཡོད་པ་མ་རེད། མང་ཚོགས་ཀྱིས་ག་ཚོད་བརྒྱུད་ལམ་དུ་དོ་སྣང་བྱས་པ་དེས་ཚོད་ཀྱིས་གསར་འགོད་པའི་འགན་ཆེ་རུ་འགྲོ་ཡི་རེད། གཙོ་བོ་གནས་ཚུལ་ལ་ལྷད་མེད་པར་གང་ཡིན་པ་དེ་འབྲི་བ་ལས། གནས་ཚུལ་གྱི་ནང་དུ་གསར་འགོད་པས་བསམ་ཚུལ་སྤེལ་བ་སོགས་ནི་ཚད་ལྡན་མ་རེད། བསམ་ཚུལ་སྤེལ་ས་རྩོམ་སྒྲིག་པའི་ཤོག་ངོས་དང་རྩོམ་སྒྲིག་པའི་གཏམ་ཤོག་ངོས་ལོག་ཀར་འབྲི་ས་ཡོད་པ་རེད། མང་ཚོགས་ཀྱིས་གསར་འགོད་པའི་ལས་དོན་བྱེད་ཕྱོགས་ལ་དོ་སྣང་དང་ནོར་འཁྲུལ་བྱུང་རིགས་ལ་སྟངས་འཛིན། དེ་བཞིན་གནས་ཚུལ་མཁོ་སྤྲོད་བྱེད་པ་སོགས་ལ་འགན་ཁུར་དགོས་པ་རེད། དེ་ལྟར་བྱུང་ན། གསར་འགྱུར་བརྒྱུད་ལམ་ནས་མང་ཚོགས་ནང་གནས་ཚུལ་འགྲེམས་སྤེལ་གྱིས་ཕན་ཐོགས་ཆེན་པོ་ཡོད་པ་རེད་”ཅེས་སོགས་འགྲེལ་བརྗོད་གནང་སོང་།
ཕུན་ཚོགས་དབང་ཕྱུག་ལགས་ཀྱིས་“རྒྱལ་ཞེན་དང་མི་རིགས་རིང་ལུགས་”ཀྱི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས། ཁོང་རང་ཉིད་ལ་མི་རིགས་རིང་ལུགས་ཀྱི་བྱུང་སྟངས་དང་འབྲེལ་ནས། བོད་པར་ཆ་བཞག་ན་བཙན་པོ་སྲུང་བཙན་སྒམ་པོའི་སྐབས་རེད། དེའི་སྐབས་བོད་དེ་སྟོབས་ཆེན་ཆགས་པ་དེ་མི་རིགས་རིང་ལུགས་ལ་བརྟེན་ནས་བྱུང་བ་ཡིན་སྐོར་དང་། རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཆགས་པ་དེ་ཡང་རྒྱ་ནག་གི་གསར་བརྗེ་བ་སཱུང་ཙོང་ཧྲིན་ལ་བརྟེན་ནས་བྱུང་བ། བོད་པ་ཡིན་ནའང་དཔལ་དོན་གྲུབ་རྒྱལ་ལྟ་བུ་ཡང་མི་རིགས་རིང་ལུགས་ཀྱི་ལྟ་བའི་འོག་ནས་རྩོམ་རིགས་ཀྱི་ཞབས་འདེགས་ཞུ་ཐུབ་པ་རེད།
མི་རིགས་ཀྱི་འཐབ་རྩོད་དགོས་ན་སོ་སོའི་རྒྱལ་ཞེན་དང་མི་རིགས་རིང་ལུགས་ཀྱི་ལྟ་བ་ཧ་ཅང་གལ་ཆེན་པོ་རེད། ད་ལྟ་རྒྱ་ནག་གིས་མི་རིགས་ཆེན་པོའི་རིང་ལུགས་དང་ས་གནས་གྲངས་ཉུང་མི་རིགས་ཀྱི་རིང་ལ་དགོས་པ་མ་རེད་བརྗོད་ཀྱི་ཡོད་པ་དང་། འབའ་བ་ཕུན་ཚོགས་དབང་རྒྱལ་གྱིས་གྲངས་ཉུང་མི་རིགས་རིང་ལུགས་ཀྱི་ལྟ་བ་ཁུར་བར་བརྟེན། རྒྱ་ནག་གིས་ལོ་བརྒྱད་ལ་བཙོན་ཁང་དུ་བཅུག་པ་རེད། ལོ་རྒྱུས་ཀྱི་ཐོག་ནས་བལྟས་ན། མི་རིགས་ཀྱི་འཐབ་རྩོད་ལ་བློས་གཏོང་ཆེན་པོ་བྱས་ཡོད་པ་རེད་ལ་བྱེད་དགོས་པ་རེད། ཧི་ཐི་ལི་ལྟ་བུ་ཡིན་ན་མི་རིགས་རིང་ལུགས་ཀྱི་ལྟ་བའི་འོག་མི་རིགས་གཞན་པ་ཚང་མ་ཕམ་པར་རྒྱག་རྒྱུའི་སྲིད་ཇུས་སོགས་མ་འགྲིག་སྐོར་གསུངས་སོང་།
ཚོགས་གཞོན་རྒྱ་རི་སྒྲོལ་མཆོག་གིས་“འོས་ཤོག་རྩིས་མེད་འགྲོ་སྟངས་”ཀྱི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས། འོས་བསྡུའི་སྐབས་ཉིན་རེའི་འཚོ་ཐབས་ཀྱི་ཆེད་གཙོ་བོ་བྱེད་པ་ལས། ང་ཚོའི་དམིགས་ཡུལ་བདེན་མཐའ་གསལ་ཐབས་དེ་གཙོ་འདོན་བྱེད་པ་གལ་ཆེ་སྐོར་དང་། འོས་མིའི་ཆ་རྐྱེན་གང་ཡིན་སྐོར་ངོ་སྤྲོད། འོས་བསྡུའི་སྒྲིག་གཞི་གསལ་པོ་ཤེས་དགོས་པས། འོས་གཞིའི་འོས་བསྡུའི་སྐབས་སྤྱི་འཐུས་ལ་མཚོན་འོས་མི་བཅུ་འདེམས་ཆོག་རེད། གསལ་པོ་མ་བལྟས་ནས་མིང་རྟགས་བཅུ་གཅིག་བརྒྱབ་ན་རྩིས་མེད་འགྲོ་ཡི་རེད། དེ་བཞིན་བུ་རྐྱང་པ་དགུ་ལ་འོས་ཤོག་འཕངས་ན་རྩིས་མེད་འགྲོ་ཡི་རེད། འོས་མི་བརྒྱད་ལས་མང་བ་བདམས་ན་ཡིན་གཅིག་མིན་གཉིས་བུད་མེད་གཉིས་དགོས་པ་རེད། དེ་བཞིན་ཡིག་རྨོངས་པ་ཡིན། དངོས་གཞིའི་སྐབས་འོས་མིའི་མཚོན་རྟགས་ཁྱེར་ཡོད་ན་ཕན་ཐོགས་ཡོད་སྐོར་གསུངས་སོང།།
{jcomments on}