མི་ཉག་ཏུ་པགས་རིགས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་འདུག

དེ་ཡང་ཁུངས་ལྡན་གནས་ཚུལ་ཐོན་གསལ་ལྟར་ན། ཟླ་འདིའི་ཚེས་ ༡༨ སྟེ་ཨ་འཛོམ་འབྲུག་པ་རིན་པོ་ཆེའི་འདས་མཆོད་སྨོན་ལམ་གྱི་ཉིན་མོར། ནགས་ཕྲན་པའི་ལྷ་སྡེ་མི་སྡེ་ཚང་མ་རབ་སྒང་དགོན་དུ་འདུ་འཛོམས་ཀྱིས། བླ་མའི་འདས་མཆོད་སྨོན་ལམ་འཚོགས་ཡོད་པ་དང་། མཇུག་ཏུ་གསུར་བསྔོའི་ཆོ་ག་དང་འབྲེལ་ནས་མི་མང་གིས་ཚ་རུའི་ཕྱུ་པ་དང་། ལུགས་ལྤགས། ཝ་ཞྭ་སོགས་པགས་རིགས་ཕོན་ཆེན་མེར་བསྲེགས་བཏང་ཡོད་འདུག ནགས་ཕྲན་ཡུལ་མི་ཞིག་གིས་བརྗོད་པ་ལྟར་ན་ས་གནས་རྒྱ་གཞུང་གི་ལས་ཁང་རིམ་པ་དང་རྫོང་། རྫོང་ཆོས་ལུགས་ཅུས་བཅས་ནས་པགས་རིགས་མེར་བསྲེག་གི་ལས་འགུལ་དེ་སྤེལ་མི་ཆོག་པར་བཤད་ཡོད་ཀྱང་། ཡུལ་མིས་ཁས་ལེན་མ་བྱས་པར་ལས་འགུལ་དེ་སྤེལ་ཡོད་པ་རེད་ཅེས་བརྗོད་སོང་། ད་དུང་ཡུལ་མི་དེས་བརྗོད་པ་ལྟར་ན། ལས་འགུལ་དེ་དགེ་བཅུའི་ཁྲིམས་དང་འབྲེལ་བ་ཡོད་པ་རེད། ཚ་རུའི་ཕྱུ་པ་གཅིག་ལ་ལུ་གུའི་པགས་པ་ལྔ་བཅུ་ལྷག་རེ་དགོས་པར་བརྟེན་ལོ་རེར་ཡུལ་མི་ཡོངས་ཀྱི་ཚ་རུའི་ཕྱི་པའི་ཆེད་ལུ་གུ་ཁྲི་ཕྲག་གི་ཚེ་སྲོག་གཅོད་དགོས་ཡོད་པ་རེད། དེ་འདྲའི་སྲོག་གཅོད་དང་། རྐུན་ཇགས་སོགས་མེད་པར་མི་དང་། སྒོ་ཕྱུགས་སེམས་ཅན་ཚང་མ་འཚེ་བ་མེད་པ་དང་། ཞི་བདེའི་ཡུལ་ཁམས་ཤིག་ལ་རེ་བ་བྱེད་ཀྱི་ཡོད་པ་ལས་རྒྱལ་ཁབ་ལ་ཆེད་དུ་ངོ་རྒོལ་བྱེད་ཀྱི་མེད་ན་ཡང་། རྒྱལ་ཁབ་གྱིས་མཐོང་སྣང་ལ་གནས་ཚུལ་དེ་འདྲའི་རིགས་ནི་༸གོང་ས་མཆོག་ལ་དད་ཞེན་ལས་བྱུང་བར་ངོས་འཛིན་བྱས་ནས་བཀག་འགོག་བྱེད་ཀྱི་ཡོད་པའི་གནས་ཚུལ་བརྗོད་ཀྱི་འདུག ད་ཐེངས་ཀྱི་པགས་རིགས་མེར་བསྲེག་གི་ལས་འགུལ་ཐོག་གི་པགས་པ་མང་ཆེ་བ་ཚ་རུ་དང་ལུག་ལྤགས་ཡིན་པ་དང་། ལས་འགུལ་འདི་ནི་ཉེ་ལམ་ཞིག་ནས་རྟའུ་ཕྱོགས་ཀྱི་ཡུལ་མིས་སྤེལ་བཞིན་ཡོད་པ་རེད། ལྷག་པར་འདི་ཟླའི་ཚེས་ ༡༦ ཉིན་རྟའུའི་རྟ་རྒྱུག་གི་ལྟད་མོའི་སྐབས་སུ་རྟའུ་མི་མང་ནས་ཚ་རུའི་གཙོས་པའི་པགས་རིགས་མེར་བསྲེག་གི་ལས་འགུལ་ཤུགས་ཆེ་སྤེལ་འཆར་བྱས་ཡོད་ཀྱང་རྫོང་གིས་བཀག་ཡོད་འདུག ཡིན་ནའང་། རྟའུ་ཁང་གསར་དང་། ཉ་ལུ་ཞབས་གྲོང་ཚོ་སོགས་ནས་པགས་རིགས་མེར་བསྲེག་གི་ལས་འགུལ་སྤེལ་ཡོད་པའི་གནས་ཚུལ་བྱུང་ཡོད་འདུག ད་དུང་ཡུལ་མི་ཚོས་ད་ལྟའི་རྟའུ་རྫོང་དཔོན་བོད་རིགས་ཡིན་པ་བཀྲ་ཤིས་རྣམ་རྒྱལ་ཞུ་བ་ནི་ཆོས་ལ་སྡང་ཟུག་ཆེན་པོ་བྱེད་མཁན་ཞིག་ཡིན་པ་དང་། ༢༠༡༠ ལོར་ཁོ་རང་རྟའུ་རྫོང་དཔོན་ཆགས་པ་ནས་རྫོང་ཁོངས་རྟོགས་ཀྱི་བླ་སྤྲུལ་རྣམས་བསྡུ་སྐོང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་བརྒྱབ་པ་དང་། དགེ་བཅུའི་ཁྲིམས་ཀྱིས་དགོས་པ་མེད་པར་བརྗོད་པས་མ་ཚད། རྫོང་ལ་མི་མང་གིས་ཤལ་ཁྲལ་འཇལ་དགོས་ཡོད་པར་བརྗོད་ཡོད་པ་དང་། ཁོ་རྫོང་དཔོན་དུ་བསྐོས་པ་ནས་རིམ་བཞིན་ཡུལ་ཁམས་སུ་རྐུན་ཇག་དང་། མི་གསོད་ཀྱི་དོན་རྐྱེན་མང་དུ་ཕྱིན་པའི་ལྟ་ཚུལ་མི་མང་ལ་བྱུང་ཡོད་པ་རེད་འདུག མེ་སོར་གསར་འགོད་པས།