མཁས་དབང་བློ་བཟང་སེངྒེ་ལ་རྒྱབ་སྐྱོར་ཡོད།
དབྱིན་ཡིག་རྩོམ་པ་པོ་འཇམ་དབྱངས་ནོར་བུ་འདི་་་དེ་སྔོན་མཁས་དབང་ཟམ་གདོང་རིན་པོ་ཆེ་ལ་གཞི་མེད་སྐྱོན་བརྗོད་བྱེད་མཁན་ཞིག་རེད། མ་ཟད་བོད་གཞུང་གི་དབུ་མའི་ལམ་ལ་དགག་པ་ཚད་མེད་ཞུ་བཞིན་ཡོད་ན་ཡང་རང་ཉིད་ཀྱི་འབྱོན་ཐང་གང་ཡང་བཏོན་མི་ཐུབ་པས་ཁ་མང་ལག་སྟོང་གི་རིག་ཆད་ཅིག་རེད། ད་རེས་ཀྱང་ཁོས་མཁས་དབང་བློ་བཟང་སེང་གེས་རྒྱ་ནག་གི་ཨོ་བྷ་མ་བྱེད་ཀྱི་ཡིན་ཟེར་སོང་། ཞེས་སྤྱི་ཚོགས་ཐོག་ཁུངས་ལུགས་མེད་པའི་ཁྲིམས་འགལ་གྱི་སྐད་ཆ་བཤད་བཞིན་འདུག ཁོ་དབྱིན་སྐད་ཤེས་ན་ཡང་མཁས་དབང་བློ་བཟང་སེངྒེ་མཆོག་གིས་སྐབས་དེའི་བགྲོ་གླེང་ཐོག་གནང་བའི་སྐད་ཆ་དེའི་དོན་མ་གོ་བ་དེ་ཅི་ཞིག་རེད། ཁྲག་དོག་གི་སྤྱན་བཤེལ་གྱོན་པ་རེད་དམ་ཞེན་ཁོག་གི་དུག་རླངས་སྒྲིབ་པ་རེད། ཡིད་མ་ཆེས་ན་སྐབས་དེར་གཏམ་གླེང་གི་བརྙན་པ་འདིར་གཟིགས་རོགས། http://www.youtube.com/watch?v=C9m05AIGS1M
གཉིས་པ། དེ་སྔོན་ཁ་བརྡ་དྲ་ཐོག་ཏུ་རྡོ་རྗེ་དབང་ཕྱུག་གིས་མཁས་དབང་བློ་བཟང་སེངྒེ་ལ་ཧ་ཝར་མཐོ་སློབ་ནང་ལས་ཀ་མེད་ཚུལ་དང་སློབ་ཡོན་ཡར་སྤྲད་དགོས་ཚུལ་སོགས་གཞི་མེད་སྐྱོན་བརྗོད་ཅིག་མངས་ཚོགས་ཏུ་བཀྲམས་སོང་། སྐད་ཆ་དེའི་ཐོག་ལ་གཡང་རྒྱུག་བྱེད་ནས་མ་འོས་པའི་ཚིག་མཚོན་དུ་མ་འཕང་སོང་། འདི་གཞི་མེད་ཡིན་པར་ཧ་ཝར་མཐོ་སློབ་ཀྱི་( professor Henry J. Steiner) མཆོག་གིས་མཁས་དབང་བློ་བཟང་སེངྒེ་མཆོག་ལ་ངོ་སྤྲོད་གནང་བའི་ནང་དུ་ལན་གསལ་པོ་གནང་འདུག་པས་དྲ་གྲོགས་ཚོས་དཔྱད་པར་འཚལ།
http://www.youtube.com/watch?v=CGKakOyGKQM&feature=player_embedded
གསུམ་པ། སྤྱི་ཚོགས་ནང་མཁས་དབང་བློ་བཟང་སེངྒེ་མཆོག་རྒྱ་ནག་ལ་ཕེབས་རྒྱུ་དང་། རྒྱ་མི་མཁས་དབང་ཚོ་དང་ལྷན་དུ་བགྲོ་གླེང་རྐང་འཛིན་བྱེད་བཞིན་པ་དེ་ཚོ། བོད་དོན་མིན་པ་རྒྱ་དོན་སྒྲུབ་བཞིན་ཡོད་པར་ངོས་འཛིན་གྱིས་ཉེས་མེད་གཏམ་འཆལ་བཟོ་འདུག་པ་དེའི་ལན་དུ། རང་གཞུང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་གསལ་འདེབས་གནང་བ་དེར་གཟིགས་རོགས།
http://www.youtube.com/watch?v=8yK1pv7t0pU
ད་དུང་མང་ཚོགས་ཁྲོད་དུ་ཁུངས་ལུང་མེད་པའི་སྐྱོན་བརྗོད་རིགས་འགའ་ཤས་ཏེ། བཟའ་ཟླ་བོད་པ་མ་རེད་ཟེར་བ་དང་། རང་བཙན་ལག་དེབ་དེ་བཀའ་ཁྲི་འོས་མི་མ་ལང་སྔོན་དུ་དཔྱ་ཁྲལ་སྤྲད་ཡོད་མ་རེད་ཟེར་བ་སོགས་འགྲེལ་བརྗོད་སྣ་མང་བྱེད་བཞིན་ཡོད་པ་རྣམས་བདེན་མིན་རག་སྤྲོད་ཀྱི་ཆེད་དུ། མཁས་དབང་བློ་བཟང་སེངྒེ་ཁོང་ཉིད་ཀྱིས་འགྲེལ་བཤད་གཙང་མ་རྒྱབས་གནང་འདུག་པས་འདིར་གཟིགས་རོགས། http://www.kalontripafortibet.org/
རིན་ཆེན་གསེར་ལ་དཔྱད་པ་ཇི་ཙམ་བྱ་ཚེ་འོད་མདངས་དེ་ཚེ་ཆེ་རུ་འགྲོ་བ་བཞིན་མཁས་དབང་བློ་བཟང་སེངྒེ་ལ་སྐྱོན་བརྗོད་ཇི་ཙམ་བྱ་བ་དེ་ཙམ་དུ་གཟི་བརྗིད་ཆེ་བ་འགྲོ་བཞིན་འདུག་པས། མཚམས་འདི་ནས་སྐྱོན་བརྗོད་དང་འབྲེལ་བའི་བསམ་ཚུལ་བཤད་མཁན་དག་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཁྱེད་རྣམས་པའི་བཀའ་དྲིན་ལ་བརྟེན་ནས་མཁས་དབང་བློ་བཟང་སེངྒེ་དེའི་མི་རིགས་བཅང་པའི་སྙིང་སྟོབས་དང་ལྷག་བསམ། བོད་དོན་དེ་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་གི་འཁོར་ཡུག་སྐྲུན་པ། མདོར་ན་ངས་དེ་སྔོན་ཁོང་གི་ཁྱད་ཆོས་མི་ཤེས་པ་མང་པོ་ཞིག་ཤེས་ནས་ཡིད་ཆེས་བྱ་ཐུབ་པ་བྱུང་བ་ནི་ཁྱེད་རྣམས་པའི་བཀའ་དྲིན་ཁོ་ན་ཡིན།
མཚམས་འདི་ནས་ངས་བློ་བཟང་སེངྒེ་ལ་རྒྱབ་སྐྱོར་བྱེད་དགོས་པའི་གནད་ལུགས་འགའ་ཤས་འགྲེལ་བཤད་བྱ་རྒྱུ་ཡིན།
དུས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་གནས་སྟངས་ལ་གཟིགས་ནས་ཐོག་མར་༧་རྒྱལ་བ་རིན་པོ་ཆེས་ཐེངས་རྗེས་མའི་བཀའ་བློན་ཁྲི་པ་དེ་གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་ཅན་ཞིག་དགོས་ཅེས་བཀའ་ཕེབས་པའི་དགོངས་དོན་དང་འབྲེལ་བའི་ཐོག་ནས་རྒྱབ་སྐྱོར་ཡོད། བོད་ཀྱི་ཆབ་སྲིད་འགྱུར་འགྲོས་ཀྱི་ཁྲོད་དུ་ཉམས་མྱོང་ལྡན་པའི་གལ་ཆེན་གྱི་མི་སྣ་རྒྱ་ལོ་དོན་འགྲུབ་མཆོག་གིས་བཀའ་སློབ་གནང་བའི་དམིགས་དོན་དང་མཐུན་པའི་ཐོག་ནས་རྒྱབ་སྐྱོར་ཡོད། བོད་རྒྱ་ཆེན་མི་མང་གིས་སྔོན་འགྲོ་འོས་བསྡུར་སྐབས་རྒྱབ་སྐྱོར་ཚད་མཐོ་གནང་བའི་བྱུང་རིམ་ལ་བརྟེན་ནས་རྒྱབ་སྐྱོར་ཡོད། ང་ཚོ་ཚང་མས་༧རྒྱལ་བའི་བཀའ་སྒྲུབ་པའི་ནུས་པ་ཡོད་ན་ད་རེས་ངེས་པར་དུ་༧རྒྱལ་བ་རིན་པོ་ཆེའི་དགོངས་པ་ནང་དུ་ཡོད་པའི་གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་ཅན་ཞིག་ལ་རྒྱབ་སྐྱོར་གནང་རོགས། ལོ་ན་ལྔ་བཅུ་རྒལ་ཚར་ན་ཡང་ཐེངས་རྗེས་མའི་བཀའ་ཁྲིའི་འོས་གཞི་ནང་ལང་ཡོང་བ་ནི། ༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་སྒྲུབ་ཀྱིན་ཡིན་ཞེས་ཁས་ལེན་ག་ཚོད་བྱེད་ཀྱང་དོན་དངོས་ཐོག་དགོངས་པ་དང་འགལ་ཚར་བ་རེད།
མཁས་དབང་མཆོག་གི་སྐུ་ཡི་གཟི་བརྗིད་དང་རྣམ་རིག་གི་ནུས་པ། མདུན་སྐྱོད་ཀྱི་བློ་སྟོབས། རིགས་ཞེན་གྱི་ལྷག་བསམ་གསུམ་ནི་རླབས་ཆེན་གྱི་མི་སྣ་ཞིག་གི་ཁྱད་ཆོས་ཡོངས་སུ་ཚང་ཡོད། འཛམ་གླིང་མཐོ་སློབ་ཀྱི་ལག་འཁྱེར་དང་རྒྱལ་སྤྱི་མཁས་དབང་གི་མཚན་སྙན། རྒྱ་བོད་གནས་དོན་དེ་རྒྱལ་སྤྱི་ཁྲིམས་ཐོག་ནས་ཁ་བསྒྱུར་ནུས་པའི་ཁྲིམས་ཀྱི་མཁས་དབང་ཡིན་པ་གསུམ་ནི། བོད་རང་ལ་དགོས་མཁོ་ཤིན་ཏུ་ཆེ་བའི་མཁས་པ་ཞིག་གི་ཁྱད་ཆོས་ཡོངས་སུ་ཚང་ཡོད།
ད་དུང་བོད་རྒྱ་དཀའ་རྙོག་དེ་བགྲོ་གླེང་གི་ལམ་ནས་སེལ་ཐབས་བྱ་བཞིན་པའི་མཛད་རྗེས། བཀའ་ཁྲི་འོས་གཞི་རུ་ལང་ནས་ད་བར་བཙལ་བྱོལ་གཞུང་འདི་༧རྒྱལ་བའི་དགོངས་དོན་ལྟར་དམངས་གཙོ་ཡང་དག་པ་ཞིག་འགྱུར་ཆེད། བཀའ་ཁྲིའི་འགྲོ་སྟངས་དེ་སྔར་དང་མི་འདྲ་བ་ཆེས་འབུར་དུ་ཐོན་ཞིང་། ཕྱི་ནང་ཀུན་གསལ་གྱི་ཐོག་ནས་བགྲོ་གླེང་རིམ་པ་གནང་སྟེ་གཞུང་དམངས་གཉིས་བར་བྱུང་མྱོང་མེད་པའི་འབྲེལ་མཐུད་ཀྱི་བྱ་བ་རླབས་ཆེན་གནང་བཞིན་པའི་མཛད་རྗེས།
གཅིག་སྒྲིལ་དང་གསར་སྟོན་་་རང་མགོ་རང་ཐོན་གྱི་ལྟ་བ་གཞི་བཞག་ནས་རྒྱ་ནང་གི་གནད་དོན་འཛམ་གླིང་གི་འགྱུར་འགྲོས། སྐབས་བབ་ཀྱི་གནས་དོན་ལ་གཟིགས་ཏེ་རྣམ་གཡེང་མེད་པར་མཁོ་དོན་སྒྲུབ་ཐུབ་པའི་གདིང་ཚོད་ཡོད་པ་བཅས་ནི་ངས་མི་སྣ་རང་གི་ཁྱད་ཆོས་ཐོག་ནས་རྒྱབ་སྐྱོར་ཞུ་རྒྱུ་ཡིན།
ང་ཚོ་ཡིན་ལ་མིན་ལ་བཤད་ནས་ད་བར་མི་ལོ་ལྔ་བཅུ་མུན་ནག་ཁྲོད་ནས་ཕྱིན་པའི་དེ་རིང་གི་ཉི་མོ་འདིར། གསར་སྐྱེས་ཀྱི་ཉི་མ་ཤར་དགོས་ལ། ཤེས་འཇོན་གྱི་ཟླ་བཀྲ་གསལ་དགོས། ང་དང་འདྲ་བའི་སྐྱེ་བོ་ཚོས་གཏམ་གླེང་ནང་སྦུབ་ཅིག་གིས་སེམས་མ་སྦུབ་པར་རང་དབང་གི་མིག་དང་རང་དབང་གི་རྣ་བའི་ཉོན་དང་། དུས་འདི་ན་མཁས་པ་ཞིག་གི་གཟི་བརྗིད་ཤར་འདུག་ལ། གཞོན་སྐྱེས་ཤིག་གི་སྙིང་སྟོབས་འབར་བཞིན་འདུག་པས་ང་ཚོ་ཚང་མས་འོས་ཤོག་བླུག་ཏུ་འགྲོ། །