དྲ་ལམ་བརྒྱུད་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ།
ཟླ་འདིའི་ཚེས་༢༠ ཉིན་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ནང་ཡོད་པའི་བྷི་བྷི་གསར་འགོད་པས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིར་རྟེན་གཞི་བྱས་ཡོད་པའི་རྒྱ་སྐད་ཀྱི་དྲ་ལམ་བརྒྱུད་ནས་ཇཱ་སི་མིན་གྱི་གསར་བརྗེ་”jasmine revolution” ཞེས་འཁོད་པའི་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང། དྲ་ལམ་དེ་བརྒྱུད་ནས་ད་ལྟའི་སྐབས་པེ་ཅིང་དང་ཧྲང་ཧེ་སོགས་གཙོས་པའི་རྒྱ་ནག་གི་གྲོང་ཁྱེར་༡༣ ཙམ་གྱི་ནང། དོ་སྣང་བྱེད་མཁན་དང་ངོ་རྒོལ་གྱི་ཡིག་ཆ་འགྲེམས་སྤེལ་བྱེད་མཁན་བྱུང་ཡོད་པས། རྒྱ་གཞུང་གིས་ཉེན་རྟོག་རུ་ཁག་ས་གནས་གང་སར་བཀྲམ་ནས་དོགས་གཞི་ཡོད་པའི་མི་སྣ་མང་པོ་འཛིན་བཟུང་བྱས་ཡོད་པ་རེད།
དྲ་ལམ་བརྒྱུད་ནས་ངོ་རྒོལ་དེ་ཡོང་དོན་གཙོ་བོ་ནི། ཉེ་དུས་ཨི་རྗིབ་ལུང་པའི་ནང་ཇཱ་སི་མིན་གྱི་གསར་བརྗེ་ཞེས་པའི་མིང་བྱང་འོག་ནས། མི་མང་ཁྲི་ཚོ་མང་པོས་སྒེར་ལངས་བྱས་ཏེ་ལོ་གྲངས་༣༠ སོང་ཟིན་པའི་ཨི་རྗིབ་གཞུང་མགོ་རྟིང་བསློགས་ནས་མང་གཙོ་ཅན་དུ་བསྒྱུར་ཡོད་པ་དང། དེ་དང་འབྲེལ་ནས་དེང་སྐབས་དཀྱིལ་ཤར་ཁུལ་གྱི་ཁ་ཆེའི་རྒྱལ་ཁབ་མང་པོས། གཞུང་མང་གཙོ་ཅན་དུ་འགྱུར་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པས། ཆབ་སྲིད་མཁས་དབང་ཚོས་༢༠༡༡ དང་༡༠༡༢ གཉིས་ནི་དཀྱིལ་ཤར་གྱི་རྒྱལ་ཁབ་ཁག་དང་། རྒྱ་དཀར་ནག་གཉིས་ཀྱིས་གཙོས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་འགྱུར་བ་ཆེན་པོ་འགྲོ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང། ཉེ་དུས་ཨི་རྗིབ་ནང་མི་མང་གིས་སྒེར་ལངས་བྱེད་པའི་སྐབས། རྒྱ་ནག་མི་མང་གིས་དེ་བཞིན་སྒེར་ལངས་བྱེད་པར་དོགས་ནས། རྒྱ་གཞུང་གིས་བརྒྱུད་ལམ་ཁག་ནས་དམ་དྲག་ཤུགས་ཆེར་བྱས་ཡོད་པ་རེད།
ད་ལྟའི་སྐབས་པེ་ཅིང་དང་ཧྲང་ཧེ་གྲོང་ཁྱེར་སོགས་ཀྱི་ཚོང་ཁང་དང་ཟ་ཁང་ཆེ་ཁག་ནང། གསར་འགོད་པ་དང་ཉེན་རྟོག་པ་ཕོན་ཆེན་པོ་འཛོམས་ཀྱི་ཡོད་པ་དང། དེ་བཞིན་ན་གཞོན་མང་པོ་དུས་ནས་དུས་སུ་འདུ་འཛོམས་བྱེད་ཀྱི་ཡོད་པའི་ཁྲོད་ནས། ཉེན་རྟོག་པས་དོགས་གཞི་ཅན་གྱི་མི་འགའ་འཛིན་བཟུང་བྱས་པ་རྣམས་ལ། གསར་འགོད་པ་ཚོས་སྐད་ཆ་དྲིས་སྐབས། ན་གཞོན་དེ་དག་གིས་ང་ཚོས་ནག་ཉེས་གང་ཡང་བསགས་མེད། ཉེན་རྟོག་པས་རྒྱུ་མཚན་གང་ལ་བརྟེན་ནས་འཛིན་བཟུང་བྱེད་ཀྱི་ཡོད་མེད་ང་ཚོས་ཤེས་ཀྱི་མེད་ཅེས་བརྗོད་ཡོད་པ་རེད།
གོ་ལག་རང་འགྲིག་གི་ཉེན་རྟོག་པ་ཚོས་མི་འགའ་རེ་ས་ལ་དྲུད་ནས་བཙན་གྱིས་རླངས་འཁོར་ནང་བླུགས་སྐབས། འཛིན་བཟུང་བྱས་པའི་མི་དེ་དག་གིས་ང་ཚོས་ནག་ཉེས་གང་ཡང་བསགས་མེད་ཅེས་སྐད་འབོད་ཤུགས་ཆེར་བྱས་པ་ཡོད་པ་རེད། ཚེས་༡༩ ཉིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་ཡིས། “མི་མང་གི་བསམ་བློ་སྣེ་འཁྲིད་བྱེད་མཁན་གྱི་དྲ་ལམ་ལ་དམ་དྲག་བྱེད་དགོས་པ་དང། སྤྱི་ཚོགས་སྲ་བརྟན་དང་ཞི་བདེ་ལ་རྒོལ་བའི་དཀའ་ངལ་གྱི་རིགས་གཙང་སེལ་བྱེད་དགོས་”ཞེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།།
{jcomments on}