བོད་ཀྱི་ཡིག་འབྲེལ་གཙུག་ལག་སློབ་གཉེར་ཁང་འཛུགས་འཆར།

ཕྱི་ལོ་༢༠༡༠ ལོའི་ཟླ་༥ པའི་ནང་གཙུག་ལག་སློབ་ཁང་དེའི་སྤྱི་ཚོགས་ལས་དོན་གྱི་ངེས་སྟོན་པ་གྷིར་ཤུའུ་སི་ཐོ་མ་དང། ཁོང་གི་ཕྱག་རོགས་མཱ་ཧི་ཤེ་རྣམ་གཉིས་ཀྱིས་ས་རཱ་མཐོ་སློབ་དང་ནོར་གླིང། བོད་ཁྱིམ། ཀིརྟི་དགོན་པ་བཅས་སུ་གཟིགས་སྐོར་གནང་བ་མ་ཟད། བཀའ་བློན་ཁྲི་པ་དང། ཤེས་རིག་བཀའ་བློན། དྲུང་ཆེ་བཅས་ལ་མཇལ་འཕྲད་ཞུས་ཡོད་འདུག

དེ་བཞིན་ལྡི་ལི་དོན་གཅོད་དང། ཝཱར་ཎ་མཐོ་སློབ་ཀྱི་ཉེ་བའི་རིགས་བདག་རྣམ་གཉིས་གཙུག་ལག་སློབ་ཁང་དེའི་ཉེ་བའི་རིགས་བདག་དང་མཇལ་འཕྲད་གནང་ནས། བོད་ཀྱི་སྐད་ཡིག་དང་རིག་གཞུང་ཚན་པ་ཟུར་འཛུགས་གནང་ཕྱོགས་སྐོར་གོ་བསྡུར་གནང་བ་དང། ཝཱར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་སློབ་ཚན་ཆ་ཚང་འཆར་འགོད་བྱེད་རྒྱུ་ཡིན་པ་རེད། དེ་བཞིན་གཙུག་ལག་སློབ་ཁང་དེའི་ཤེས་ཚད་ཀྱི་ལག་ཁྱེར་མཉམ་འབྲེལ་གྱིས་གནང་གཏན་ཁེལ་ཡོད་པ་དང། ཤེས་ཚད་ཀྱི་ལག་ཁྱེར་ནི། བོད་ཀྱི་ནང་དོན་རིག་པ་སོགས་ཀྱི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་དང། འབུམ་རམས་པ་སོགས་རིམ་པ་བཞིན་ཡོད་པ་རེད།

གཙུག་ལག་སློབ་གཉེར་ཁང་དེར་ཡིག་འབྲེལ་གྱི་ལམ་ནས་ཡིག་རྒྱུགས་བཏང་སྟེ། ལག་འཁྱེར་ཐོབ་ཀྱི་ཡོད་པར་བརྟེན། བོད་རིགས་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས། དེ་བཞིན་ཕྱི་རྒྱལ་བ་བོད་ཀྱི་རིག་གཞུང་སློབ་གཉེར་བྱེད་འདོད་ཡོད་མཁན་རྣམས་ལ་གོ་སྐབས་ཡག་པོ་ཞིག་ཆགས་ཀྱི་ཡོད་པའི་སྔོན་དཔག་བྱེད་ཀྱི་ཡོད་པ་རེད།
སློབ་གཉེར་དེའི་ཆེད་དུ་སྐུ་སྒེར་ཡིག་ཚང་ནས་ཧིན་སྒོར་འབུམ་ལྔ་གནང་ཡོད་པ་དང་། ད་ལྟའི་ཆར་སློབ་གཉེར་ཁང་གི་སློབ་ཚན་དང། འགྲོ་སོང་གཏོང་ཕྱོགས་སོགས་ཞིབ་ཕྲའི་འཆར་གཞི་འགོད་བཞིན་ཡོད་པ་ལས་གཏན་ཁེལ་རྒྱུ་ཡིན་པ་རེད།།

{jcomments on}