བཀའ་ཁྲིའི་འོས་མིར་རྒྱབ་སྐྱོར་དགོས་པའི་རྒྱུ་མཚན་འདི་དག་ཡིན།
བཀའ་ཁྲིའི་འོས་མི་བཀྲ་ཤིས་དབང་འདུས་ཀྱི་རྒྱབ་སྐྱོར་བ་བསོད་ནམས་རྡོ་རྗེས་གསུང་དོན། ༢༠༠༥ ལོ་ནས་ཕན་ཚུན་བགྲོ་གླེང་བྱས། སོ་སོས་བསམ་བློ་བཏང་ནས་བཀའ་བློན་ཁྲི་པར་ལྷག་བསམ་ག་འདྲ་དགོས་པ་རེད། ཤེས་ཡོན་ག་འདྲ་དགོས་པ་རེད། ཆབ་སྲིད་ཀྱི་གོ་རྟོགས་ག་འདྲ་དགོས་པ་རེད། དེ་ཚོ་ཚང་མར་བསམ་བློ་བཏང་ནས་ད་ལྟའི་བཀའ་ཁྲིའི་འོས་མི་བཀའ་ཟུར་བཀྲ་ཤིས་དབང་འདས་ལགས་སུ་རྒྱབ་སྐྱོར་བྱས་པ་ཡིན། རྒྱ་གར་གཞུང་གི་བོད་ལ་འཛིན་པའི་སྲིད་བྱུས་དེ་མགོ་རྙོག་པོ་རེད། དེ་ཚོའི་ཐོག་མགོ་ལོག་བརྩིས་ན་ཉེན་ཁ་ཆེན་པོ་ཡོད་པ་དང། བཀྲ་ཤིས་དབང་འདས་ལགས་སུ་དེའི་སྐོར་ལ་རྒྱུས་མངའ་ཆེན་པོ་རེད་ལ། རྒྱ་གར་གྱི་དཔོན་རིགས་ཚོའི་ནང་སྐུ་ཞབས་བཀྲ་ཤིས་དབང་འདུས་ཟེར་དུས་མི་ཤེས་མཁན་ཡོད་པ་རེད། དེ་ཧ་ཅང་གལ་ཆེན་པོ་རེད། ལོ་བཞི་བཅུ་ལྷག་རིང་བཀྲ་ཤིས་དབང་འདུས་ལགས་ཀྱི་བོད་གཞུང་མང་ཞབས་ཞུས་གནང་བ་དང་། ཁོང་ལྷག་བསམ་རྣམ་དག་རེད་ལ། ཆོས་ལུགས་ཆོལ་ཁའི་འཐེན་ཁྱེར་ཡོད་པ་མ་རེད། དེ་སྔོན་ཁོང་གི་ལས་དོན་གནང་སྐབས་ལྡི་ལི་གཙོས་ཨ་རི་དང་བྷལ་སེལ་སོགས་ཀྱི་དོན་གཅོད་ཧང་ཅང་གལ་ཆེན་པོ་ཡིན་པས། གཞུང་གིས་ལས་དོན་དེ་གནང་དུ་བཏང་བ་རེད་ལ། རྒྱུས་མངའ་ཆེན་པ་ཡོད་པས་རྒྱུ་མཚན་ལ་བརྟེན་ནས་རྒྱབ་སྐྱོར་ཞུ་ཡི་ཡོད་ཅེས་བཀྲ་ཤིས་དབང་འདུས་ལགས་ཀྱིས་མི་ལོ་བཞི་བཅུའི་རིང་ལས་དོན་གནང་ཕྱོགས་ཚང་མ་གནད་འགག་ཆེན་པོ་ཡིན་སྐོར་ངོ་སྤྲོད་གནང་སོང་།
བློ་བཟང་སེང་གེའི་རྒྱབ་སྐྱོར་བ་གྲྭ་བག་གྲོས་གསུང་དོན། ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་བོད་རིགས་ཚང་མ་ཆིག་སྒྲིལ་ཡོད་པའི་ཐོག་ནས་བྱུང་བ་རེད། རྗེས་སུ་ང་ཚོས་ཆོལ་ཁ་ཆོས་ལུགས་ལུང་ཚན་གྱི་ཕྱོགས་རེས་བྱས་ནས། ང་ཚོའི་ལུང་པ་ཤོར་བ་རེད། ངས་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱས་པ་དེ་ཕྱོགས་རེས་གང་མེད་པར་ལས་ཀ་བྱེད་ཀྱི་ཡོད། ༧རྒྱལ་རིན་པོ་ཆེ་བཞུགས་པའི་སྐབས་ལ་ང་ཚོ་བོད་ལ་ལོག་ཐུབ་དགོས་པ་རེད། དེ་མ་བྱུང་བར་དུ་གཞུང་གི་སྒྲིག་འཛུགས་དེ་བརྟན་པོ་གནས་དགོས་པ་རེད། ༧རྒྱལ་བ་རིན་པོ་ཆེ་མ་བཞུགས་སྐབས་རྒྱ་ནག་གཞུང་གིས་ང་ཚོའི་སྒྲིག་འཛུགས་དེ་འཐོར་འགྲོ་བ་ཞིག་ལ་རེ་བ་རྒྱག་གི་ཡོད་པ་རེད། ད་ལྟ་ནས་མགོ་ཁྲིད་ལོ་ཆུང་ཞིག་བསྐོས་ཏེ། རྒན་པ་ཚོས་ཁ་ཏ་བསླབ་བྱ་དང་ལམ་སྟོན་བྱས་ན་བསམ་གྱི་འདུག བཙན་བྱོལ་དུ་ཡོང་བ་དང་གཞུང་བཙུགས་པ་དེ་བོད་ནང་གི་མི་མང་གི་ཆེད་དུ་རེེད། ཆབ་སྲིད་བཙོན་པ་མང་པོས་དམྱལ་བ་མི་ཡུལ་དུ་སླེབས་པ་ལྟ་བུའི་སྡུག་བསྔལ་མྱང་གི་ཡོད་པ་རེད། བློ་བཟང་སེང་གེས་ཁྲིམས་ཡག་པོ་ཤེས་ཀྱི་ཡོད་པས། གཞུང་གི་ངོས་ནས་རྒྱལ་སྤྱིའི་ཐོག་ཁྲིམས་གཏུགས་ཤིག་བྱས་ན་བསམ་གྱི་འདུག ང་ཚོས་གཞུང་གིས་བོད་ནང་གི་བོད་མི་ཚོ་སྐྱོབ་ཆེད་དུ་འགན་ཁུར་དགོས་པ་རེད་ཅེས་སོགས་བློ་བཟང་སེང་གེ་ལས་དོན་གནང་ཕྱོགས་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱི་རྒྱབ་སྐྱོར་བ་ཤར་གླིང་ཟླ་སྒྲོན་གྱིས་གསུང་དོན། འཛམ་གླིང་གི་རྒྱལ་ཁབ་ཚང་མར་དཀའ་ངལ་འཕྲད་མྱོང་ཡོད་པ་རེད། དེ་ཚོའི་དཀའ་ངལ་ག་འདྲ་སེལ་འདུག་ང་ཚོས་ཕྱིར་མིག་ཅིག་བལྟས་ན། དབུ་ཁྲིད་ཚོར་ཁྱད་ཆོས་བཟང་པོ་བདུན་ཞིག་ཡོད་པ་རེད། འགོ་ཁྲིད་ག་འདྲ་ཞིག་ཡིན་ནའང་། མི་མང་གི་དཀའ་ངལ་སེལ་ཐབས་དགོས་པ་རེད། ཤེས་ཡོན་གྱི་མདུན་ལམ་བསྐྲུན་ཐུབ་དགོས་པ་རེད། རྒྱལ་སྤྱིའི་ཐོག་གི་རྒྱབ་སྐྱོར་འཚོལ་ཐབས་དང་།
མི་མང་རང་འགོ་རང་ཐོན་དགོས་པ་རེད། རྒྱལ་ཁབ་ཀྱི་གནས་བབ་འགྲེལ་བརྗོད་བྱེད་ཐུབ་པ། ལས་འགུལ་གྱི་རུ་ཁག་འཛུགས་ཐུབ་པ་དང་། བསམ་བློའི་གནས་ཚད་མཐོན་པོ་དང་ཆབ་སྲིད་ཀྱི་ལྟ་གྲུབ་དགོས་པ་རེད། མ་འོངས་པའི་འཆར་སྣང་དང་གསར་གཏོད་དགོས་པ་རེད། ཁྱད་ཆོས་དེ་ཚོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལ་ཚང་གི་ཡོད་པས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་དེ་དང་འབྲེལ་བའི་ཁོང་གི་དེ་སྔོན་ལས་དོན་གནང་ཕྱོགས་ཁག་ངོ་སྤྲོད་གནང་སོང་།
ཉིན་དེའི་བགྲོ་གླེང་ཐོག་མི་མང་ཧ་ཅང་མང་པོ་འཛུལ་ཞུགས་བྱས་ཡོད་པ་དང་། མང་ཚོགས་ཀྱི་དྲི་བར་གཏམ་བཤད་པ་རྣམས་ཀྱི་དྲི་བར་ལན་འདེབས་གནང་ཡོད་པ་རེད།།
{jcomments on}