བཀའ་ཁྲིའི་འོས་མི་བཀྲས་མཐོང་གི་ཕྱོགས་བསྐྱོད།

དེ་ཡང་མོན་གྷོ་ས་གནས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོག་ཉིན་འདིའི་ཞོགས་པ་ས་གནས་མི་མང་ཚོགས་ཁང་དུ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གིས་ཁོང་བཀའ་ཁྲིར་ལངས་དགོས་དམིགས་ཡུལ་དང་ལངས་ཕྱོགས་སོགས་ངོ་སྤྲོད་གནང་བ་དང་འབྲེལ་ཁོང་གིས་གསུང་དོན། དེང་ཐོག་ང་བོད་མི་ཡོད་སའི་ས་ཁུལ་གང་མང་ཞིག་ལ་སོང་བ་ཡིན། མི་མང་དང་མཉམ་དུ་ཐུག་འཕྲད་བྱེད་རྒྱུ་དེ་ང་ཚོའི་ལས་འགན་རེད་དྲན་གྱི་ཡོད། སྤྱིར་མང་གཙོའི་ལས་འགུལ་དེ་བོད་སྤྱི་པའི་སྒྲིག་འཛུགས་ལ་ཕན་ཐོགས་ཆེན་པོ་ཡོད་བསྡད་པ་ཞིག་དང། སྤྱི་པའི་སྒྲིག་སྲོལ་འདིའི་ཐོག་ནས་བོད་ཀྱི་རྩ་དོན་ལ་ཕན་ཐོགས་ཧ་ཅང་གི་ཡོད་པ་གསལ་པོ་རེད། མི་ལོ་ལྔ་བཅུའི་རིང་བོད་ནང་དུ་མུ་མཐུད་ནས་དཀའ་ངལ་དང་འཇིགས་སྣང་འོག་གནས་ཡོད་པ་དང་དེ་བཞིན་བོད་ནང་ལོགས་སུ་གདུག་རྩུབ་ག་འདྲ་ཞིག་ཡོད་ན་ཡང། གཞིས་ལུས་བོད་མི་ཚོའི་རེ་འདུན་གཙོ་བོ་ག་རེ་ཡོད་པ་ལོ་ནས་ལོར་གསལ་པོ་ཆགས་ཀྱི་ཡོད་ལ། ལྷག་པར་དུ་ཉེས་སྟོང་བརྒྱད་ལོར་བོད་ཆོལ་ཁ་གསུམ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྣམ་འགྱུར་དེ་གནད་འགག་རེད་ལ། གསལ་སྟོན་བྱེད་ཐུབ་ཡོད་པ་རེད། རྒྱ་ནག་གི་སྤྱི་ཚོགས་དེ་དཔལ་འབྱོར་དང་ཆབ་སྲིད་སོགས་ཀྱི་ཐོག་སྟོབས་ཆེན་རྒྱལ་ཁབ་ཅིག་མཚོན་གྱི་ཡོད་ན་ཡང་། རྒྱ་ནག་ནང་གི་སྤྱི་ཚོགས་དངོས་དེ་ཡར་ཐོན་ཅན་དང་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་དང་། ཁྲིམས་ལུགས་ཡོད་པའི་སྤྱི་ཚོགས་ཤིག་གི་ནང་གོམ་པ་སྤོ་ཐུབ་ཀྱི་མེད་པ་གསལ་པོ་རེད་ཅེས་གསུངས་སོང་། དེ་བཞིན་ཉིན་འདིའི་དགོང་དྲོ་གདན་ས་ཆེན་མོ་འབྲས་སྤུངས་བླ་སྤྱིའི་འདུ་ཁང་དང་། ཚེས་༡༨་ཉིན་དགའ་ལྡན་བླ་སྤྱིའི་འདུ་ཁང་བཅས་སུ་གདན་ས་གཉིས་ཀྱི་གྲྭ་མང་དང་མཉམ་དུ་བགྲོ་གླེང་གཏམ་བཤད་གནང་ཡོད་པ་རེད།

གཞན་ཡང་བགྲོ་གླེང་དེར་ཕེབས་ཡོད་པའི་ས་འཐུས་བཀྲ་ཤིས་བསམ་གྲུབ་ལགས་སུ་བཀའ་ཁྲིའི་འོས་མི་ཚོའི་བགྲོ་གླེང་གཏམ་བཤད་ཀྱི་བརྒྱུད་རིམ་ནང་མཐོང་ཚུལ་གང་བྱུང་སྐོར་ལ་བཅར་འདྲི་ཞུས་པར། ང་ཚོ་ལ་ཕུན་སུམ་ཚོགས་པའི་མང་གཙོ་ཞིག་ཡོད་པའི་སྐབས་ལ། བཀའ་ཁྲིའི་འོས་མི་རྣམ་པའི་སོ་སོའི་ལས་འགན་དང་འཇོན་ཐང་དེ་བཞིན་སོ་སོའི་མ་འོངས་པའི་སྲིད་བྱུས་ལངས་ཕྱོགས་སོགས་མི་མང་ལ་འགྲེལ་བཤད་བྱེད་དུ་འདིར་ཕེབས་དེ་རླབས་ཆེན་གྱི་བྱ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ཁོང་རྣམ་པ་གསུམ་གྱི་སུ་ལ་རྒྱབ་སྐྱོར་ཡོད་མེད་དེ་ད་ལྟ་ངས་ཞུ་ཐུབ་ཀྱི་མི་འདུག་ཅེས་གསུངས་སོང་།

གཞིས་གྲོང་གཉིས་པའི་ནང་བཞུགས་སྐལ་བཟང་སྒྲོལ་མ་ལགས་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན། རྒྱ་ནག་གིས་ང་ཚོ་ལ་ག་དུས་ཡིན་ན་ཡང་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་ནི་བཙན་བྱོལ་ནང་མང་གཙོ་ཡོད་པ་མ་རེད། བཀས་བགོད་རྒྱུད་འཛིན་ལམ་ལུགས་ཀྱི་འོག་ལ་འགྲོ་ཡི་ཡོད་པ་རེད། གལ་སྲིད་༧གོང་ས་མཆོག་གི་དབུ་ཁྲིད་པའི་ད་ལྟའི་མི་རབ་རྒན་པ་ཚོ་རྫོགས་པའི་ཉིན་དེ་ནས་བཟུང་བོད་ཤི་བ་རེད་ཅེས་ཤོད་ཀྱི་ཡོད་པ་རེད། དེར་བརྟེན། བཀའ་བློན་ཁྲི་པའི་འོས་མིར་རྒན་གཞོན་གཉིས་ཆ་ལངས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་ལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ལྷག་པར་དུ་གཞོན་སྐྱེས་ཤིག་འོས་འདེམས་བྱེད་ཐུབ་པ་ཡིན་ན་ང་ཚོའི་ཁ་གཏད་རྒྱ་གཞུང་ལ་ཕྱོགས་མང་པོ་ཞིག་ནས་ལན་འདེབས་གསར་པ་ཞིག་བྱེད་ཐུབ་པ་རེད་དྲན་རྒྱུ་ཡོད་ཅེས་གསུངས་སོང་།
མོན་གྷོ་གསར་འགོད་པས།