ང་བོད་པ་ཡིན་ཞེས་པའི་གཏམ་བརྗོད་འཁྲབ་སྟོན།
དེའི་སྐོར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྷ་སའི་འབྲེལ་མཐུད་པ་བསྟན་ཆོས་ལགས་ཀྱིས་ངོ་སྤྲོད་བྱས་དོན། རྒྱལ་སྤྱིའི་མ་སྐད་ཉིན་མོ་དང་བསྟུན་ནས་ང་ཚོས་ལས་འགུལ་སྤེལ་བ་རེད། དེ་བཞིན་བོད་པའི་སྤྱི་ཚོགས་ནང་དུ་བོད་སྐད་ཡག་པོ་མི་ཤེས་མཁན་ལ་ལམ་སང་བཀའ་བཀྱོན་མི་བཏང་བར། རིམ་བཞིན་ཡར་རྒྱས་གཏོང་དགོས་པའི་སློབ་གསོ་སྤྲད་ན་ཕན་ཐོགས་ཆེ་བ་འདུག དེ་བཞིན་མི་རེ་རེའི་ངོས་ནས་འཐུས་ཤོར་ཕྱིན་པ་མང་པོ་ཡོད་པས་དེ་དག་ལ་མ་འོངས་པར་སོ་སོས་འབད་བརྩོན་བྱས་ནས་བོད་སྐད་གཙང་མ་རྒྱག་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་སོང།
ཐོག་མར་གཏམ་བརྗོད་འཁྲབ་སྟོན་གྱི་ཁྱབ་བསྒྲགས་ཀ་མད་སུམ་ཅུ་རེ་རེའི་བོད་དབྱིན་གཉིས་ཀྱི་མིང་ཚིག་དྲུག་རེ་བཀོད་ནས་གང་སར་གསལ་བསྒྲགས་བྱས་པ་དང། མེག་ལོར་སྲང་ལམ་དུ་ཀ་མད་སུམ་ཅུ་བཀོད་པའི་ཁྱབ་བསྒྲགས་བྱང་བུ་ཁྱེར་ནས་གསལ་བསྒྲགས་བྱས་སོང། གཏམ་བརྗོད་འཁྲབ་སྟོན་དངོས་སུ་འགོ་མ་ཚུགས་ཀྱི་གོང་དུ་སློབ་མ་ཆུང་ཆུང་མང་པོ་ཞིག་གིས་ངས་དེ་རིང་བོད་ཡིག་གི་ཐ་སྙད་གསར་པ་ཞིག་ཤེས་སོང་ཞེས་པའི་གློག་བརྙན་པར་གཞི་ཐུང་ངུ་ཞིག་ཀྱང་བསྟན་སོང། དེ་བཞིན་མི་མང་ཁྲོད་དུ་དུས་རྒྱུན་བེད་སྤྱོད་བྱེད་བཞིན་པའི་དབྱིན་སྐད་ཀྱི་མིང་ཚིག་ཁག་ཅིག་བོད་སྐད་ཐོག་ཏུ་ག་འདྲ་ལབ་ཀྱི་ཡོད་མེད་དྲིས་ནས། དྲི་ལན་ཐེབས་མཁན་རྣམས་ལ་བྱི་རིལ་གྱི་བྱ་དགའ་སྤྲོད་པའི་ལས་རིམ་ཞིག་ཀྱང་སྤེལ་ཡོད་པ་རེད།
ང་བོད་པ་ཡིན་ཞེས་པའི་གཏམ་བརྗོད་ཀྱི་བརྗོད་སྙིང་ནི། གྲོགས་པོ་གསུམ་ཡུན་རིང་རྗེས་སུ་ཐུག་སྐབས། སོ་སོའི་འཚོ་བའི་འགྱུར་ལྡོག་དང་ལྷག་པར་དུ་སྐད་ཡིག་གི་གོམས་གཤིས་ཐད་མི་མཐུན་པ་ཡོད་པར་བརྟེན། གཅིག་གི་བསམ་ཚུལ་གཅིག་གིས་ངོས་ལེན་མི་བྱེད་པའི་སྐབས་སུ། གསར་འགྱུར་ནང་དུ་བོད་ནང་གི་སློབ་མའི་ཡར་ལངས་ཀྱི་ངོ་རྒོལ་ལ་བལྟས་རྗེས་བོད་སྐད་ལ་མཐོང་ཆེན་དང་ཡར་རྒྱས་གཏོང་རྒྱུར་གྲོས་འཆམ་ནས་དམ་བཅའ་བཞག་པའི་སྐོར་ཡིན་པ་རེད།།
{jcomments on}