བོད་དོན་གོམ་བགྲོད་པ་ས་མཚམས་ནས་བཀག་པ།

mahish12ཉེ་བའི་ཟླ་ངོ་གཉིས་ལྷག་གི་གོང་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་མཱ་ཧི་ཤ་ཡ་དྷབ་ཀྱིས་སྤྱིར་འཛམ་གླིང་ཞི་བདེ་དང་། སྒོས་བོད་དོན་ཆེད་རྒྱ་གར་དཀྱིལ་དབུས་ཁུལ་ལ་ཡོད་པའི་གྲོང་ཁྱེར་མེ་ཆེ་ཞེས་པ་ནས་འགོ་བཙུགས་ཏེ། རྒྱལ་ནང་གི་མངའ་སྡེ་དང་གྲོང་ཁྱེར་རིམ་པ་བརྒྱུད་ནང་པའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་འཁྲུངས་ཡུལ་གནས་མཆོག་ལུམ་བྷའི་ཚལ་བར་སྐོར་བསྐྱོད་གོམ་བགྲོད་བྱེད་རྒྱུ་བྱས་ནས། ཟླ་འདིའི་ཚེས་ ༡༡ ཉིན་“བོད་སྐྱོབ་རོགས། བོད་ལ་རང་དབང་དགོས་”ཞེས་པ་སོགས་ཀྱི་འབོད་ཚིག་འཁོད་པའི་འཕྲེད་དར་དང་། རྒྱ་གར་གྱི་མེས་པོ་དམ་པ་གན་དྷི་དང་༸གོང་ས་མཆོག་གི་སྐུ་པར་སོགས་ཡོད་པའི་རླངས་འཁོར་དང་མཉམ་ཁོང་བལ་ཡུལ་དང་རྒྱ་གར་ས་མཚམས་སོ་ན་ལེ་ལ་འབྱོར་བ་དང་། ས་མཚམས་བརྒལ་ཆོག་པའི་འགྲོ་ལུགས་ལམ་ཡིག་བཟོས་ནས་བལ་ཡུལ་རྒྱལ་ཁོངས་སུ་འཛུལ་མ་ཐག པར་རིས་དང་འབོད་ཚིག་འདྲ་མིན་ཡོད་པའི་རླངས་འཁོར་མཐོང་འཕྲལ་དེ་མ་ཐག་བལ་ཡུལ་གྱི་མཐའ་སྲུང་ཉེན་རྟོག་པ་ཡོང་ནས་འདྲི་རྩད་བྱས་པ་དང་། བལ་ཡུལ་རྒྱལ་ཁོངས་ནས་བོད་དོན་དང་འབྲེལ་བའི་སྐད་ཆ་བཤད་མི་ཆོག་ལ་བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་མི་ཆོག་ཚུལ་བཤད་ནས་ཡིག་ཆ་མི་ཉུང་བ་ཕྲོགས་པ་དང་བཀག་འདུག།

ཁོང་གིས་མུ་མཐུད་རླངས་འཁོར་མ་བཏང་རུང་གོམ་བགྲོད་བྱས་ནས་འགྲོ་རྒྱུ་ཡིན་ཚུལ་བཤད་ཀྱང་། བཏང་མེད་ཐོག་ད་དུང་ཁོང་ལ་ས་མཚམས་ནས་རོགས་པ་བྱེད་མཁན་གཞོན་སྐྱེས་གཅིག་ལ་བལ་ཡུལ་ཉེན་རྟོག་པས་གཅར་རྡུང་བྱས་འདུག མཐར་ཁོང་གི་འཆར་གཞི་ལྟར་མ་བྱུང་བས་ཚབ་ཏུ་ནང་པའི་གནས་ཆེན་ཝ་ར་ན་སུར་བསྐྱོད་ཡོད་པ་རེད།

སྐུ་ཞབས་མཱ་ཧེ་ཤ་ཡ་དྷབ་ཀྱིས་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གིས་སྲོལ་གཏོད་གནང་བའི་འཚེ་མེད་ཞི་བའི་ལྟ་གྲུབ་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ལ། ཁོས་ད་ལྟའི་དུས་འདིར་༧གོང་ས་མཆོག་གིས་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ལམ་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་དང་། དམག་དང་དམག་འཁྲུག་མེད་པའི་འཐབ་རྩོད་གནང་བཞིན་པར་རྒྱལ་ཁ་མ་ཐོབ་ན། མ་འོངས་པར་འཛམ་གླིང་ནང་འཚེ་མེད་ཞི་བའི་ལམ་ནས་རང་བཙན་ལེན་པ་དང་ལས་ཀ་བྱ་རྒྱུར་དཀའ་ངལ་འབྱུང་རྒྱུ་ཡིན་སྟབས། ངས་༧གོང་ས་མཆོག་གིས་འཚེ་མེད་ཞི་བའི་ངང་ནས་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་དེ་བོད་ལ་རང་དབང་མ་ཐོབ་བར་དང་། ངའི་ལུས་ཀྱི་ཟུངས་ཁྲག་མ་རྫོགས་བར་ལས་འགུལ་སྤེལ་མཚམས་འཇོག་གི་མིན་སྐོར་གསུངས་ཡོད་པ་རེད།

དེ་བཞིན་ཁོང་གིས་ལོ་མང་རིང་བོད་རང་བཙན་རྒྱ་གར་གྱི་བདེ་འཇགས་ཞེས་པའི་འབོད་ཚིག་འོག་ལས་འགུལ་སྤེལ་ཡོད་པ་དང་། ཁོང་གི་ཟུངས་ཁྲག་གིས་བྲིས་པའི་སྦྱར་ཡིག་དང་། སྙན་ཞུ་སོགས་རྒྱ་གར་གྱིས་སྲིད་བློན་གཙོས་དཔོན་རིགས་ཁག་ལ་ཕུལ་ཡོད་པ་རེད།།
བལ་ཡུལ་ས་གནས་གསར་འགོད་པས།

{jcomments on}