མི་སེར་གསུམ་པ་བྱེད་འདོད་མེད་རྐྱེན་སྐད་ཡིག་སྲུང་སྐྱོབ་དགོས།

ཟླ་འདིའི་ཚེས་༢༡ ཉིན་གྱི་ཕྱི་དྲོ་སྟེ། རྒྱལ་སྤྱིའི་མ་སྐད་ཉིན་མོ་དང་བསྟུན་ནས་དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭའི་ཚོགས་ཁང་དུ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་གོ་སྒྲིག་འོག བོད་ཀྱི་སྐད་ཡིག་གླེང་བ་ཞེས་པའི་བགྲོ་གླེང་ཞིག་འཚོགས་སོང།

བགྲོ་གླེང་དེའི་གཏམ་བཤད་པ་རྣམས་ནི། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་དང། སྤྱི་འཐུས་ཀརྨ་ཡེ་ཤེས། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་བཅས་སྤྱི་འཐུས་ལས་ཐོག་གསུམ་དང། སྤྱི་འཐུས་ཀྱི་དངོས་གཞིའི་འོས་མིའི་གྲས་སུ་ཡོད་པ་ཀླུ་མཁར་བྱམས་དང། ཤར་གླིང་ཟླ་སྒྲོན། ལི་ཐང་འཇམ་དབྱངས་བཟོད་པ་བཅས་ཡིན་པ་རེད།

tlia_debate2དང་ཐོག་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མས་《བོད་སྐད་རྒྱུན་ཤེས་ལག་དེབ》 ཅེས་པའི་དེབ་ཆུང་ཞིག་དབུ་འབྱེད་གནང་རྗེས། ”བོད་ཀྱི་སྐད་ཡིག་དང་བོད་མི་མང་སྤྱི་འཐུས་”ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། བོད་ཕྱི་ནང་གཉིས་ནས་སོ་སོའི་ཁོར་ཡུག་དབང་གིས་མ་གཞི་བོད་སྐད་ཡིན་པ་ལ་འཚར་ལོངས་བྱེད་སའི་ཡུལ་དེའི་སྐད་གདངས་རང་བཞིན་གྱིས་སྦྱར་བསྡད་པའི་བཟོ་འདྲ་ཟིག་ཆགས་ཀྱི་འདུག ཡིན་ནའང་སོ་སོའི་མི་རིགས་ཀྱི་ལ་རྒྱ་མེད་པ་དང། བོད་སྐད་ལ་ཆེ་མཐོང་མ་སྤྲད་པ་མ་རེད། སོ་སོའི་རྒྱལ་ཁབ་མིའི་ལག་པར་ཤོར། ཁ་ཤས་ཕྱིའི་ལུང་པར་སྡོད་པའི་སྐབས་སུ་རང་བཞིན་གྱིས་སོ་སོའི་སྐད་ལ་སྲུང་སྐྱོབ་བྱེད་པའི་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་རེད། སྤྱིར་རྒྱལ་ཁབ་ཚང་མས་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་པོ་རེད། དེ་བས་ཀྱང་ང་ཚོ་སྐྱབས་བཅོལ་ལ་ཡོད་པའི་མི་རིགས་ཤིག་ལ་མཚོན་དེ་བས་ཀྱང་གལ་ཆེན་པོ་རེད། སྐད་ཡིག་སྲུང་སྐྱོབ་སོགས་ཀྱི་ཐད་དང་བླངས་ཀྱི་ལས་ཀ་བྱེད་མཁན་རྣམས་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་བས་གལ་ཆེན་པོ་རེད་ཅེས་སོགས་གསུངས་སོང།

tlia_debate3དེ་རྗེས་སྤྱི་འཐུས་ཀརྨ་ཡེ་ཤེས་ཀྱིས་གོང་གི་བརྗོད་གཞིའི་གཏམ་བཤད་གནང་དོན། སྐད་ཡིག་སྲུང་སྐྱོབ་བྱེད་པར་ཁྲིམས་ཀྱི་ཐོག་དང། དང་བླངས། སྤྱི་ཚོགས་བཅས་ཀྱི་ངོས་ནས་སྲུང་སྐྱོབ་བྱེད་སྟངས་མང་པོ་ཡོད་པ་རེད། དང་པོ་ཁྱིམ་ཚང་གི་ནང་ནས་ཕ་མ་རྣམས་ཀྱིས་རང་གི་ཕྲུ་གུ་ལ་སྐད་ཡིག་གཙང་མ་ཞིག་ཡོང་བའི་ཆེད་དུ་འབད་བརྩོན་བྱེད་རྒྱུ་གལ་ཆེན་པོ་རེད། གཉིས་པ་སྒྲིག་འཛུགས་དང་སློབ་གྲྭ། ཚོགས་པ་སྐྱིད་སྡུག་གང་གི་ནང་ལའང་ཡིག་འབྲེལ་བྱེད་པའི་སྐབས་སུ་སྐད་ཡིག་གཙང་མ་དང་སྤུས་དག་པོ་རྒྱག་རྒྱུ་སྒྲིག་འཛུགས་ཀྱི་འགན་རེད། གསུམ་པ་དེ་སྤྱི་ཚོགས་ནང་དུ་བོད་པའི་གཞོན་སྐྱེས་དག་ལ་མིག་དཔེ་སྟོན་པའི་ཁོར་ཡུག་ཡག་པོ་མ་བསྐྲུན་པ་ཡིན་ན། སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཤེས་ཡོན་སྲིད་ཇུས་ཁྲིམས་ཀྱི་སྒོ་ནས་གཏན་འབེབས་བྱས་པ་རེད། དེ་ནི་བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་ལ་དམིགས་པ་ཞིག་རེད། དེ་ཙམ་གྱིས་ཕན་ཐོགས་ཀྱི་མ་རེད། སྤྱི་ཚོགས་དང། སྒྲིག་འཛུགས། མི་མང་བཅས་ཀྱིས་རོགས་སྐྱོར་དགོས་པ་རེད། གཞན་མ་གཏོགས་ཁྲིམས་དེ་ཡིག་ཐོག་ལ་རྫིག་པོ་ཡོད་ཀྱང་ཕན་ཐོགས་ཡོད་མ་རེད་ཅེས་སོགས་གསུངས་སོང།

དེ་རྗེས་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་གྱིས་གོང་གི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། སྐད་ཡིག་དེ་ཁྲིམས་ཐོག་གཅིག་པུ་ནས་སྲུང་བརྩི་བྱེད་རྒྱུ་ཁག་པོ་རེད། མི་རེ་ངོ་རེ་ནས་འགན་ཁུར་ནས་སྲུང་སྐྱོབ་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད། དེའི་ཐོག་ལ་འཛིན་སྐྱོང་དང་གྲོས་ཚོགས་གཉིས་ཀྱིས་ག་རེ་གནང་རྒྱུ་འདུག་ལྟ་རྒྱུ་གལ་ཆེན་པོ་རེད། དེ་བཞིན་དང་བླངས་ཀྱི་ཚོགས་པ་དེ་ཚོར་བསྔགས་བརྗོད་ཞུ་རྒྱུ་རེད། དེ་ཚོ་ལ་ད་ལྟ་ལས་མཐོང་བ་ཆེ་བ་དང། གོ་སྐབས་ཡག་པ་བཟོ་རྒྱུ་འདུག་དེ་འདྲའི་ཐབས་ལམ་ཐོག་སྤྱི་འཐུས་ལ་ཡར་ཞུ་ས་ཡོད་རེད། རྒྱ་གར་ལ་མངའ་སྡེ་མང་པོ་དང་སྐད་ཡིག་མི་འདྲ་བ་རེད་དེ། ང་ཚོ་བོད་ལ་སྐད་མི་འདྲ་བ་ཡོད་ཀྱང་ཡི་གེ་གཅིག་གྱུར་ཡིན་སྟབས་སྲུང་སྐྱོབ་བྱེད་རྒྱུར་ལས་སླ་བ་དང། ཡིག་སྐད་གཅིག་མ་གཏོགས་མེད་སྟབས་གང་ལས་ལྷག་པའི་སྲུང་སྐྱོབ་བྱེད་པར་ལམ་ཁ་ཞིག་ཡོད་པ་རེད། བོད་ནང་ལ་དཀའ་ངལ་དང་ཉེན་ཁ་ལ་མ་འཛེམས་པར་ལས་འགུལ་སྤེལ་བཞིན་པ་རེད་ལ། རང་དབང་ལུང་པར་ཡོད་པ་རྣམས་ཀྱིས་དོ་སྣང་དང་འབད་བརྩོན་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་སོགས་གསུངས་སོང།

དེ་རྗེས་སྤྱི་འཐུས་འོས་མི་ལི་ཐང་འཇམ་དབྱངས་བཟོད་པས་”འབྱུང་འགྱུར་བོད་ཀྱི་སྐད་ཡིག་ཇི་ལྟར་སྲུང་སྐྱོབ་བྱེད་”ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། སྐད་ཡིག་སྲུང་སྐྱོབ་བྱེད་པར་ཆ་རྐྱེན་བྱེ་བྲག་པ་ཞིག་གིས་སྲུང་སྐྱོབ་ཐུབ་ཀྱི་མ་རེད། དེ་ལ་དང་པོ་ཕ་མའི་ཆ་རྐྱེན་ཚང་དགོས་པ་རེད། སློབ་གྲྭར་འགྲོ་བའི་སྐབས་སུ་དགེ་རྒན་གྱི་ཆ་རྐྱེན་ཚང་དགོས་པ་རེད། དེ་དང་མཉམ་དུ་ཁོར་ཡུག་དགོས་ཀྱི་ཡོད་རེད། དེ་དག་ཆ་ཚང་ཞིག་ཚང་བ་ཡིན་ན་སྲུང་སྐྱོབ་བྱེད་པའི་ལམ་ཁ་ཞིག་ཡོ་པ་རེད། བཙན་བྱོལ་ནང་དུ་གཞན་དབང་སྟབས་བསྟུན་སོགས་ཀྱི་ཁག་དཀྲི་ས་མང་པོ་ཡོད་པ་རེད། ཕ་མའི་ངོས་ནས་ཀ་ཁ་ཞེས་ཁ་ནས་མ་ལབ་ཀྱང་དུས་རྒྱུན་རང་ཉིད་བོད་པ་ཡིན་བསམ་པའི་ཐོག་ནས་ཕྲུ་གུ་ལ་རང་བཞིན་གྱིས་བོད་པའི་གོམས་གཤིས་སྤྲོད་པ། བོད་པའི་བསམ་བློ་སྤྲོད་པ། སྤྱིར་བཏང་བསམ་བློ་དང་གོམས་གཤིས་མེད་པ་ཡིན་ན། སྐད་ཡིག་གཅིག་པུས་ཡར་རྒྱས་འགྲོ་ཁག་པོ་རེད། བསམ་བློ་དང་གོམས་གཤིས་རྨང་གཞིར་བཞག་ནས་སྐད་ཡིག་བསླབ་ན་ཡག་པོ་ཡོང་གི་རེད། དེ་བཞིན་སློབ་གྲྭའི་ནང་དུ་བོད་ཡིག་དགེ་རྒན་སྤུས་དག་པོ་དགོས་པ་རེད་ཅེས་སོགས་གསུངས་སོང།

དེ་ནས་སྤྱི་འཐུས་འོས་མི་ཤར་གླིང་ཟླ་སྒྲོན་གྱིས་གོང་གི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། བོད་ནང་དུ་རྒྱ་མིའི་སྲིད་ཇུས་ཀྱི་འོག་དང། ལྷག་པར་དུ་ཚོང་འབྲེལ་སོགས་ཀྱི་ཐོག་ནས་གཞན་དབང་སྟབས་བསྟུན་ཡིན་སྟབས་ཉམས་ཆག་འགྲོ་ཡི་ཡོད་པ་རེད། འོན་ཀྱང་བོད་ནང་དུ་རྩོམ་པ་པོ་དང་གཞས་པ་མང་པོ་ཐོན་ཡོང་གི་ཡོད་སྟབས་དེ་ཚོས་ཕན་ཐོགས་ཡོད་པ་རེད། བཙན་བྱོལ་ནང་དུ་སོ་སོས་ཁ་དེ་བོད་ལ་བསྒྱུར་ནས་བོད་ནང་དུ་བཙན་དབང་གི་འོག་ཏུ་སྲོག་འབེན་ལ་བཙུགས་ནས་སྐད་ཡིག་སྲུང་སྐྱོབ་ཆེད་འབད་བརྩོན་ག་ཚོད་བྱེད་ཀྱི་འདུག དེ་དག་ང་ཚོའི་སེམས་ལ་ཉར་བ་ཡིན་ན་སྐད་ཡིག་སྲུང་སྐྱོབ་རང་བཞིན་གྱི་སླེབས་ཐུབ་པ་ཞིག་རེད་འདུག གཞུང་གིས་ལོ་ལྔའི་རིང་གནང་ཐུབ་པ་མང་པོ་འདུག བཙན་བྱོལ་ནང་དུ་བོད་སྐད་ཡིག་ཐོག་ལ་རང་སྐྱ་འཕེར་བ་ཞིག་ཡོད་མ་རེད། མང་པོ་ཞིག་བོད་ཡིག་ཡག་པོ་མེད་སྟབས་གོ་སྐབས་མང་པོ་ཤོར་འགྲོ་ཡི་ཡོད་པ་རེད། དེ་ཚོ་སྤྱི་ཚོགས་ནས་ཕར་མ་བསྐྲད་པར་ཚུར་འགུག་ཐབས་དགོས་ཀྱི་འདུག བོད་གཞུང་གི་ངོས་ནས་དེ་ཚོ་ལ་སྦྱོང་བརྡར་བསྟི་གནས་ཤིག་འཛུགས་ཐུབ་ན། གཞུང་ཞབས་ནང་དུ་ལས་ཀ་བྱེད་ཐུབ་སོགས་ཡོང་གི་རེད། དེ་བཞིན་སྐད་ཡིག་རྒྱུན་འཛིན་ཚོགས་པ་ལྟ་བུ་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་ཐུབ་ན་ཡག་པོ་འདུག་ཅེས་སོགས་གསུངས་སོང།

tlia_debate4དེ་རྗེས་སྤྱི་འཐུས་འོས་མི་ཀླུ་མཁར་བྱམས་ཀྱིས་གོང་གི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་དེ་མི་རིགས་ཤིག་གི་ཕུགས་ཀྱི་འཐབ་བརྩོད་ཡུན་རིང་པོ་ཞིག་རེད། དེ་རིང་སྲུང་སྐྱོབ་བྱེད་སང་ཉིན་གྲུབ་འབྲས་ཐོན་པ་ཞིག་མ་རེད། ཁ་ཚ་དགོས་གཏུགས་ཀྱི་འཐབ་རྩོད་བྱེད་དགོས་པ་དེ་རྒྱལ་ཁབ་བསྐྱར་གསོ་བྱེད་རྒྱུ་དེ་རེད་ཅེས་ངས་ལབ་ཀྱི་ཡོད། བོད་རྒྱལ་ཁབ་དེ་བསྐྱར་གསོ་བྱེད་མ་ཐུབ་ན་བོད་ཀྱི་སྐད་ཡིག་ག་འདྲ་བྱས་ནས་སྲུང་སྐྱོབ་བྱས་ཀྱང་ཁག་པོ་ཆགས་འགྲོ་ཡི་རེད། དེ་ཡིན་པའི་ཆ་ནས་ང་ཚོ་ལ་དཔག་པའི་ཆབ་སྲིད་ཀྱི་བདག་དབང་དེ་བསྐྱར་གསོ་བྱེད་དགོས་པ་དེ་ང་རང་ལ་མཚོན་ཨང་དང་པོ་མཐོང་གི་ཡོད། བོད་ཡིག་ཤེས་ན་ཐམས་ཅད་མཁྱེན་པ་ཆགས་འགྲོ་ཡི་རེད་ཅེས་སྲུང་སྐྱོབ་བྱེད་ཀྱི་ཡོད་མ་རེད། མི་སེར་སྤེལ་བའི་ལམ་ལུགས་ཀྱི་འོག་ཏུ་མི་སེར་གསུམ་པ་ཞིག་བྱེད་འདོད་མེད་པའི་རྐྱེན་གྱིས་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་དེའང་དེའི་ཆ་ཤས་ཤིག་རེད། རྒྱ་ནག་ལ་གཏད་གཅོག་པའི་ཆེད་དུ་རྒྱ་ཡིག་སྦྱོང་དགོས་ཀྱི་རེད། འོན་ཀྱང་རྒྱ་ཡིག་སྦྱངས་ནས་ཅང་ཙེ་མིན་དང། ཧུའུ་ཅིང་ཐའོ་ཡི་རྐུབ་བཀྱག་རག་པའི་གོ་སྐབས་མེད་པ་དེ་ཤེས་དགོས་ཀྱི་རེད་ཅེས་སོགས་གསུངས་སོང།

དེ་རྗེས་མི་མང་ཁྲོད་ནས་བསམ་ཚུལ་བཤད་མཁན་ཁག་ཅིག་བྱུང་བ་དང། དེ་བཞིན་དྲི་བ་འདྲི་མཁན་རྣམས་ལ་ལན་བསྐྱོན་པ་བཅས་བགྲོ་གླེང་མཇུག་བསྒྲིལ་བྱས་ཡོད་པ་རེད།།

{jcomments on}