གསོ་རིག་ཆེད་མཁས་པ་བྱམས་པ་འཕྲིན་ལས་སྐུ་གཤེགས་པ།
སྐད་གྲགས་ཅན་གྱི་བོད་ཀྱི་གསོ་རིག་དང་གནམ་རིག་སྐར་རྩིས་ཆེད་མཁས་པ་བྱམས་པ་འཕྲིན་ལས་མཆོག་ནི། ཕྱི་ལོ་༡༩༢༨ ལོའི་བོད་རྩིས་ཀྱི་༡༡ པར་ལྷ་ས་ནས་སྐུ་འཁྲུངས་པ་དང་། སྔ་གཞུག་ཏུ་བོད་རང་སྐྱོང་ལྗོངས་བོད་སྨན་ཁང་གི་འགན་འཛིན་གཞོན་པ་དང་། འགན་འཛིན། ཏང་གི་དྲུང་ཆེ། བོད་ལྗོངས་གསོ་རིག་སློབ་གླིང་གི་འགན་འཛིན། བོད་རང་སྐྱོང་ལྗོངས་འཕྲོན་བསྟེན་ལས་ཁུངས་ཀྱི་འགན་འཛིན་གཞོན་པ། བོད་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱི་གཙོ་འཛིན། རྒྱ་ནག་ཚན་རྩལ་མཐུན་ཚོགས་ཀྱི་གཙོ་འཛིན་གཞོན་པ་སོགས་ཀྱི་འགན་བཞེས་མྱོང་ཡོད་འདུག
ལོ་ངོ་དྲུག་ཅུའི་རིང་གི་སྨན་བཅོས་བྱ་བའི་ཁྲོད། དགེ་རྒན་ཆེན་མོ་བྱམས་པ་འཕྲིན་ལས་མཆོག་གིས་མང་ཚོགས་ལ་ཕན་པ་སྒྲུབ་པའི་བྱ་བ་སྙིང་ལ་བཅངས་ཏེ། དཀའ་སྤྱད་འབད་བརྩོན་དང་ཧུར་ཐག་གིས་བོད་ཀྱི་གསོ་བ་རིག་པ་དང་བོད་ཀྱི་སྨན་རྫས་རིག་པ། གནམ་རིག་སྐར་རྩིས་རིག་པ་རྒྱུད་འཛིན་དང་། ལག་ལེན། འཕེལ་རྒྱས་བཅས་བཏང་ཡོད་ལ། ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་གསོ་བ་རིག་པ་དང་། བོད་ཀྱི་སྨན་རྫས་རིག་པ། བོད་ཀྱི་གསོ་རིག་ལོ་རྒྱུས་རིག་པ། གནམ་རིག་སྐར་རྩིས་རིག་པ་སོགས་ལ་གཏིང་ཟབ་པའི་སྒོ་ནས་ཞིབ་འཇུག་མཛད་པ་དང་། སྔ་གཞུག་ཏུ་བརྩམས་ཆོས་ཉི་ཤུ་ལྷག་དང་། དཔྱད་རྩོམ་བརྒྱ་ལྷག བསླབ་གཞིའི་དཔེ་ཆ་བཅུ་གསུམ་བཅས་བརྩམས་ཡོད་པ་རེད།
ལྷག་པར་དུ་ཁོང་གིས་གཙོ་སྒྲིག་བྱས་པའི་《བོད་ཀྱི་གསོ་རིག་རྒྱུད་བཞིའི་ཚོན་ལྡན་འགྲེམ་ཐང》 (བོད་རྒྱ་པར་གཞི་དང་། བོད་དབྱིན་པར་གཞི)ལ་རྒྱལ་ནང་གི་གསོ་རིག་ལས་རིགས་ཁྲོད་བསླབ་གཞི་ཚོན་ལྡན་འགྲེམ་ཐང་དང་པོའི་མཚན་སྙན་ཐོབ་པ་དང་། ཁོང་གིས་བརྩམས་པའི་《བོད་ཀྱི་གསོ་རིག་མཁན་པོ་རིམ་བྱོན་གྱི་མཛད་རྣམ་མདོར་བསྡུས》དང་《གསོ་རིག་རྒྱུད་བཞིའི་སྣང་བརྙན་གཅེས་བསྡུས》ཞེས་པར། ཕྱི་ལོ་༡༩༩༡ ལོའི་ཀྲུང་གོའི་གསོ་རིག་ལོ་རྒྱུས་ཡིག་ཆའི་དཔྱད་བསྡུར་ཁྲོད་ཕུལ་བྱུང་བྱ་དགའ་དང་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་མྱོང་ཡོད་འདུག །
{jcomments on}