རྒྱ་ནག་ལ་སྐུལ་མ་གཏོང་ཆེད་དུ་བཀའ་མོལ་བྱུང་བ་རེད།
དེ་རིང་སྔ་དྲོ་སྟེ། ཟླ་འདིའི་ཚེས་༢༤ སྔ་དྲོ་ལྡི་ལིར་གནས་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ཊི་མོ་ཐི་རོ་མར་མཆོག་གིས་༧གོང་ས་མཆོག་གི་ཕོ་བྲང་ནང་མཇལ་འཕྲད་གནང་རྗེས། ཕོ་བྲང་མདུན་ཐང་དུ་གསར་འགོད་པར། ཁོང་གིས་དྷ་སར་གཟིགས་སྐོར་གནང་བའི་སྐོར་གསུང་དོན། “ང་རང་ཨ་རི་གཞུང་ཚབ་ཅིག་ཡིན་པའི་ངོས་ནས་མཛེས་སྡུག་ལྡན་པ་དང་ལོ་རྒྱུས་ལྡན་པའི་དྷ་རམ་ས་ལ་རུ་དངོས་སུ་སླེབས་པར་དགའ་པོ་བྱུང་སོང་། ཟླ་འདིའི་ཚེས་༢༣ ཉིན་བོད་གཞུང་དབུས་སྣེ་ལེན་ཁང་གསར་པ་དབུ་འབྱེད་མཛད་སྒོའི་ཐོག་མཉམ་ཞུགས་བྱེད་རྒྱུ་བྱུང་ལ། སྣེ་ལེན་ཁང་གསར་རྒྱག་གི་འགྲོ་གྲོན་བརྒྱ་ཆ་དྲུག་ཅུ་རེ་ལྔ་ཙམ་ཨ་རི་གཞུང་གིས་ཕུལ་ཐུབ་པ་དེར་དགའ་པོ་བྱུང་། མ་ཟད་གནས་མཆོག་འདིར་རྒྱལ་སྤྱིའི་ཆོས་ཀྱི་དབུ་ཁྲིད་གོང་ས་མཆོག་ལ་སྔོན་མ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནེ་སི་ཕི་ལི་སི་མཆོག་དང་། དེ་རྗེས་ཨ་རིའི་སྲིད་འཛིན་སྐུ་ཞབས་ཨོ་བྷ་མའི་སྐུ་ཚབ་ཁག་ཅིག་མཇལ་འཕྲད་གནང་བ་དེའི་མཇུག་སྐྱོང་ལྟ་བུར་ང་རང་སླེབས་པ་ཡིན། ད་ཐེངས་༧གོང་ས་མཆོག་དང་ལྷན་བཀའ་མོལ་ལྷུག་པོ་བྱུང་སོང་ལ། མ་འོངས་པར་ཡང་བཀའ་མོལ་ལྷུག་པོ་ཡོང་བའི་རེ་བ་དང་ཡིད་ཆེས་ཡོད་”ཅེས་གསུངས་སོང།
ཁོང་གིས་མུ་མཐུད་༧གོང་མཆོག་དང་ལྷན་དུ་བཀའ་མོལ་གྱི་ནང་དོན་སྐོར་གསུང་དོན། “གཙོ་བོ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་གི་སྐོར། དེ་བཞིན་༧གོང་ས་མཆོག་གི་སྐུ་ཚབ་དང་མཉམ་དུ་འབྲེལ་མཐུད་ཡོང་བར་རྒྱ་ནག་གཞུང་ལ་སྐུལ་མ་གཏོང་རྒྱུའི་ཆེད་དུ་གྲོས་བསྡུར་བྱས་པ་རེད། ད་ལྟ་ཚོང་གི་འགྲན་སྡུར་དང་ཚན་རིག་འཕྲུལ་ཆས་སོགས་གོང་འཕེལ་འགྲོ་བཞིན་པའི་སྐབས་འདིར། ཆབ་སྲིད་ཚོགས་འདུའི་སྐབས་ཆབ་སྲིད་ཁོ་ན་ཤོད་བཞིན་ཡོད་པ་རེད། འོན་ཀྱང་༑གོང་ས་མཆོག་གིས་སེམས་ཀྱི་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ། ད་དུང་སྤྱིར་བཏང་ཤེས་བྱའི་བསླབ་བྱ་སོགས་མང་པོ་གསུང་གི་ཡོད་པས། བསླབ་བྱ་ལེན་རྒྱུ་ཡོད་པ་མངོན་གསལ་རེད། ང་རང་དུས་རྒྱུན་དུ་༧གོང་ས་མཆོག་ལ་སེམས་གཏིང་ནས་དད་པ་དང་གུས་བཀུར་ཆེན་པོ་ཡོད་”ཅེས་གསུངས་སོང་།།
གཞུང་ཚབ་ཆེན་མོས་ཟླ་འདིའི་ཚེས་༢༣ ཉིན་བོད་གཞུང་སྣེ་ལེན་ཁང་གསར་པ་དབུ་འབྱེད་གནང་བ་དང་། གསོག་སྒར་སློབ་གྲྭར་གཟིགས་སྐོར་གནང་སྟེ། སློབ་མ་ཁག་ཅིག་གི་བསམ་ཚུལ་ལ་རྒྱུས་ལོན་གནང་ཡོད་པ་རེད། ཚེས་༢༤ ཉིན་གྱི་ཞོགས་བོད་ཁྱིམ་སློབ་གྲྭ་རུ་གཟིགས་སྐོར་དང་། དེ་རྗེས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་ཡོད་པ་རེད། །
{jcomments on}