བཀའ་བློན་ཁྲི་པ་དང་མ་འོངས་བོད་ཀྱི་རྩ་དོན།

བཀའ་ཁྲིའི་འོས་མི་སུ་ལ་འཆར་གཞི་ག་རེ་ཡོད་པ་དང་། ལས་དོན་བྱེད་ཕྱོགས་ལ་སེམས་ཤུགས་ཇི་འདྲ་ཡོད་པ། ཤེས་འཇོན་ལྷག་གསུམ་ཅི་འདྲ་ཡོད་པ་སོགས་ཤེས་སུ་འཇུག་པའི་ལམ་ལུགས་བཟང་པོ་ཞིག་གི་ཐོག་ལ་འགྲོ་འགོ་བཙུགས་ཐུབ་པ་བྱུང་ཡོད། འདི་ནི་མང་གཙོའི་ལམ་ལུགས་དེ་ང་ཚོའི་བང་དུ་བླངས་ཟིན་པའི་ནོར་བུ་ཞིག་ཡིན་པར་བརྟེན་དགའ་དགོས་པའི་བྱ་བ་ཞིག་ཡིན་པ་བརྗོད་མི་དགོས།    འོན་ཀྱང་དེ་དང་ཆབ་ཅིག་ཏུ་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་ནི།    མི་འགའ་ཤས་ཀྱིས་སྐྱུག་བྲོ་བའི་སྲིད་དོན་གྱི་གད་སྙིགས་ཤིག་ལམ་ལུགས་འདིའི་ནང་འབད་བརྩོན་གང་ཡོད་ཀྱིས་ཁྱེར་ཡོང་ནས་རང་རྒྱལ་གཞན་ཕམ་གྱི་སྐུལ་སློང་ངན་པའི་སྲིད་དོན་ནག་པོའི་འོག་བོད་མིའི་སྤྱི་ཚོགས་ནང་ཤེས་འཇོན་ལྡན་པའི་མི་འགོ་འབུར་མི་འཇུག་པའི་དྲི་ངན་ཅན་གྱི་ལོ་རྒྱུས་དེ་སླར་ཡང་སློང་ཐབ་བྱེད་པ་འདི་ཡིན།

ངས་གོ་ཐོས་ལ་དྲ་རྒྱའི་ནང་གནས་ཚུལ་དེ་མང་པོ་ཡོང་བཞིན་ཡོད་པ་རེད་འདུག་ལ།    ངའི་ཨེས་མེལ་ནང་ལ་བློ་བཟང་སེངྒེ་ལ་དམའ་འབེབས་དང་ཚིག་མཚོན་བྱེད་པའི་རྩོམ་ཡིག་འགའ་ཞིག་སླེབས་ཡོང་གི་འདུག        སྤྱིར་བཏང་བཤད་ན།    བོད་མི་སྤྱི་ལྟར་ང་ལའང་བཀའ་བློན་ཁྲི་པའི་འོས་བསྡུའི་ལས་འགུལ་འདིའི་ནང་བསམ་ཚུལ་དང་ལྟ་ཕྱོགས་ཤིག་ཡོད་ཀྱང་།    རང་ཉིད་གསར་འགོད་པའི་སློབ་སྦྱོང་བྱས་པར་བརྟེན་ནས་རྒྱུན་དུ་གསར་འགོད་པའི་ལྟ་བ་འཛིན་ཁུལ་བྱེད་མཁན་གྱི་མི་ཞིག་ཡིན་པས་འོས་བསྡུའི་སྐོར་ལ་མི་སུ་བཟང་སུ་ངན་གྱི་རྩོམ་ཡིག་ཅིག་འབྲི་འདོད་མ་བྱུང་།    དེ་གང་ལ་ཟེར་ན་དེང་སྐབས་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་བཀའ་བློན་ཁྲི་པའི་འོས་བསྡུ་འདིའི་ཐོག་ལ་མི་ཚང་མས་ཚ་ཚ་འུར་འུར་གྱིས་རང་ཕྱོགས་ཀྱི་དགའ་བའི་འོས་མིར་རྒྱབ་སྐྱོར་གྱིས་ལས་འགུལ་སྤེལ་གྱི་ཡོད་པས། ངས་རང་གིས་དཔྱད་པ་བྱས་ཏེ་བྲིས་པའི་རྩོམ་ཐུང་ཞིག་ཀྱང་དེ་ལྟ་བུའི་བྱ་སྤྱོད་ཀྱི་རྗེས་སུ་འགྲོ་མཁན་ལྟ་བུ་ཞིག་མཐོང་དོགས་ཀྱིས་ཡིན།    འོན་ཀྱང་ད་ཆ་སྲིད་དོན་ནག་པོའི་འབར་རྫས་ཀྱི་འོག་ཏུ་བཙན་བྱོལ་བོད་མི་མང་ཆེས་བས་སྔོན་འགྲོའི་འོས་བསྡུའི་སྐབས་ནས་བཀའ་ཁྲིའི་འོས་མི་རན་ཤོས་དེ་ཡིན་པའི་ཐག་བཅོད་བྱས་ཟིན་པའི་མི་ཞིག་གི་ཐོག་ལ་མི་མང་དེ་དག་གིས་བྱེད་བཞིན་པའི་རེ་བ་དང་ཡིད་ཆེས་རྩ་གཏོར་གཏོང་བའི་དམིགས་ཡུལ་ངན་པ་འདི་འདྲ་བྱེད་པ་མཐོང་བ་དང་།    བྱ་སྤྱོད་འདི་ནི་མི་མང་ལ་ཡོད་པའི་གནམ་དཔྱོད་མཐོང་ཆུང་དང་མི་མང་གི་འདེམས་ཁ་ལ་གུས་བརྩི་མི་བྱེད་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅིང་།    འདིས་མ་འོངས་བཙན་བྱོལ་བོད་གཞུང་གི་ལས་དོན་ཚགས་ཚུད་ཡོང་རྒྱུར་གནོད་ཚེ་ཡོང་རྐྱེན་གྱི་ཁོར་ཡུག་ཞིག་བཟོ་སྲིད་པ་ཞིག་ཡིན་པ་མི་མང་པོས་སེམས་འཚབ་བྱེད་ཀྱི་ཡོད་པ་ཤེས་ཀྱི་ཡོད།

ཐོག་མར་ང་ཚོས་ངེས་པར་དུ་དྲན་དགོས་པ་ཞིག་ལ།    བོད་ཀྱི་གནས་སྟངས་འདི་ལྟ་བུ་ཞིག་ནང་ལྷུང་པ་འདི་ནི། དེ་སྔོན་ནས་བོད་མི་རང་གིས་རྒྱལ་ཁབ་ཀྱི་སྤྱིའི་རྩ་དོན་ལ་ལྷོད་གཡེང་བཏང་བ་ལས་བྱུང་བ་ཞིག་ཡིན་པ་ལས། འདི་ནི་རང་བྱུང་ཁམས་ཀྱི་གནོད་འཚེ་ལྟ་བུ་མེ་རི་ཡིས་རང་ཡུལ་བསྲེགས་པ་ཞིག་མིན་ལ་རྒྱ་མཚོའི་རླུང་དམར་གྱིས་རང་ཡུལ་ཁྱེར་བ་ཞིག་ཀྱང་མིན། འདིའི་ཐད་དེང་སྐབས་བོད་མི་སྐྱེ་བོ་ཡོངས་ཀྱིས་ཁ་གཅིག་གྲགས་ཀྱིས་འགྱོད་གདུང་དང་འཁང་ར་གཅིག་རང་བྱེད་ཀྱི་ཡོད་པ་དེ་ནི།    ང་ཚོའི་མི་རབས་གོང་མ་རྣམས་ཀྱིས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཆུ་སྤྲེའུ་ཞལ་གདམས་ལག་བསྟར་མ་བྱུང་བ་དེ་ཡིན།

འོན་ཀྱང་འཁང་ར་དེ་བྱེད་མཁན་ད་ཆའི་མི་རབས་འདི་ཡིས་ད་ལྟ་བལྟས་བལྟས་རིག་རིག་ལ་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཞལ་གདམས་གལ་ཆེན་ཞིག་གི་དོན་ལ་བསམ་བློ་གཏོང་རྒྱུ་བརྗེད་རྒྱུའི་ཉེན་ཁའི་ཕྱོགས་སུ་འགྲོ་བཞིན་འདུག་སྙམ། འདི་ནི་ང་ཚོའི་མ་འོངས་པའི་བོད་མི་རིགས་ཀྱིས་མི་རབས་འདི་ལ་འཁང་ར་བྱེད་སའི་ས་བོན་ཞིག་ཏུ་འགྱུར་སྲིད་པས་ད་ཆ་ནས་ཡིད་གཟབ་བྱེད་དགོས་ངེས།
དེར་བརྟེན།    ཤ་ཁྲག་གཅིག་པའི་ཤ་ཉེ་སྤུན་མཆེད་ཚོ།    ང་ཚོས་ད་ཆ་བསམ་བློ་རྒྱ་ཆེ་ཙམ་གཏོང་ནས་ཁྲོན་པའི་སྦལ་པའི་རྗེས་སུ་མ་སོང་བར་གངས་ལྗོངས་ཅེས་པ་འདི་ནི་འབུར་དུ་ཐོན་པའི་ས་གོ་ལའི་ཟུར་སྣེ་གསུམ་པ་ཞིག་ཡིན་པ་ལྷམ་མེར་མཐོང་མཁན་བར་སྣང་དུ་སྡིང་བའི་མིས་བཟོས་སྲུང་སྐར་གྱི་མིག་དེ་གཡར་ནས། ང་ཚོ་གངས་ལྗོངས་དེ་ལས་མཆེད་པའི་བོད་མི་རྣམས་ཀྱིས་གོ་ལའི་ཐོག་གི་ས་ཆ་དུམ་བུ་འདི་རང་གི་བསམ་བློའི་ནང་དུམ་བུར་མ་བཏང་བར་བོད་ཟེར་དུས་ང་ཟེར་བའི་ཚོར་བ་ཞིག་སྐྱེ་ནས་བྱ་བ་བྱེད་གལ་ཆེ།

ང་ཚོས་རྗེད་མི་རུང་བ་དེ་༧གོང་ས་མཆོག་གི་ཞལ་གདམས་རེ་བ་བཟང་ས་ནས་རྒྱོབས། གྲ་སྒྲིག་སྡུག་ས་ནས་གྱིས་གསུངས་པ་འདི་ཡིན། རེ་བ་བཟང་ས་ནས་རྒྱག་དགོས་པ་དེ་ང་ཚོའི་རྩ་དོན་འདིའི་གྲུབ་འབྲས་དེ་༧གོང་ས་མཆོག་འཚོ་བཞུགས་སྐབས་ནས་ཐོན་ཐུབ་རྒྱུའི་རེ་བ་བྱེད་དགོས་པ་དེ་ཡིན་ཞིང་། ང་ཚོའི་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་ནང་ལ་ཐབས་ལམ་ཀྱི་ནང་དོན་རིམ་པ་ཚུད་ཡོད་སྲིད་པ་ཞིག་ཡིན་མོད། འོན་ཀྱང་ཁ་ཚ་དགོས་གཏུགས་ཀྱི་ཐོག་ནས་བལྟས་ནས། དེའི་གོ་རྒྱུ་ཆེ་ཤོས་དེ་ནི༧གོང་ས་མཆོག་མ་བཞུགས་པའི་ཉིན་དེར་ང་ཚོའི་བཙན་བྱོལ་བོད་གཞུང་གི་སྒྲིགས་འཛུགས་འདི་མུ་མཐུད་ནས་གནས་ཐབས་བྱེད་རྒྱུར་ད་ཆ་ནས་གྲ་སྒྲིགས་བྱེད་དགོས་པ་དེ་ཡིན། གང་ལ་ཟེར་ན་སྒྲིགས་འཛུགས་འདི་མེད་ན་བོད་ནང་གི་བོད་མིིའི་སེམས་ཤུགས་ཇི་ལྟར་ཆེ་ཡང་དེའི་ནུས་པ་སྲ་གཏན་ཡོང་ཁུངས་ཤིག་མེད། དེ་ལྟར་ཡོང་བར་བྱེད་པར། ད་ཆ་༧གོང་ས་མཆོག་འཚོ་ཞིང་བཞུགས་པ་མ་ཚད། སྐུའི་ནུས་པ་མ་ཉམས་པའི་སྐབས་སུ་ང་ཚོའི་མ་འོངས་པའི་གྲ་སྒྲིགས་དེ་མགོ་བཙུགས་དགོས་པ་དང་། དེའི་ཆ་ཤས་གལ་ཆེན་ཞིག་ནི་བོད་མི་གཞོན་ནུ་ཤེས་ཡོན་ཅན་རྣམས་ལ་འགན་འཁྲི་བསྐུལ་དགོས་པ་དེ་རེད་སྙམ།

འདིར་གསལ་བཤད་བྱེད་དགོས་པ་ཞིག་ལ། རང་ཉིད་སྒེར་ངོས་ལ་མཚོན་ན། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ལ་ནི། གཅིག་ནས་འབྲེལ་འདྲིས་ཡོད་པ་དང་གུས་བརྩི་མཐོན་པོ་ཡོད་པའི་མི་ཞིག་ཡིན་པ་མ་ཚད། ཁོང་དང་ཁོང་གི་ཁྱིམ་ཚང་ནི་དེ་སྔོན་བོད་ཀྱི་སྐུ་དྲག་གི་ནང་ནས་བོད་ས་ཤོར་རྗེས་༧གོང་ས་མཆོག་དང་བོད་གཞུང་ལ་ཞབས་ཕྱི་བཟང་མཐའ་འཁྱོལ་མཁན་དེ་ཡིན། ད་དུང་ཁོང་ནི་བཙན་བྱོལ་བོད་མིའི་མི་རབས་རྒན་པའི་གྲས་ཀྱི་ཤེས་འཇོན་གཉིས་ལྡན་གྱི་མི་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། དེ་བཞིན་བཀྲིས་དབང་འདུས་ལགས་ནི་བོད་གཞུང་གི་ལས་བྱེད་ཀྱི་གྲས་ནས་གུས་ཞབས་ཆེ་ཤོས་ཀྱི་གྲས་ཤིག་ཡིན། དེ་གང་ལ་ཟེར་ན། ཁོང་ལ་ཆོལ་ཁའི་དབྱེ་འབྱེད་མེད་པའི་མཚན་བཟང་ཡོངས་སུ་གྲགས་བཞིན་པ་འདི་ལྟར་ཡིན་པའི་ཐོག་ལ། ཁོང་ནི་སྤོབས་པ་དང་རང་མཐོའི་ལྟ་བ་མེད་པའི་བོད་མིའི་སྤྱི་ཚོགས་ནང་རྙེད་དཀའ་བའི་བཟང་སྤྱོད་ཅན་ཞིག་ཡིན་པ་ངས་ཤེས་སོང་།    དེར་བརྟེན་ཁོང་གཉིས་སུས་བཀའ་བློན་ཁྲི་པ་བྱས་ན་དེས་ལས་ཀ་ཡག་པ་གཅིག་ལས་སྡུག་པ་ཞིག་བྱེད་རྒྱུར་ང་ལ་དོགས་པ་རྩ་བ་ནས་མེད།    དེ་དང་ཕྱོགས་མཚུངས་བློ་བཟང་སེངྒེ་ལ་མཚོན་ན། ཕྲན་གྱིས་འབྲེལ་འདྲིས་ཕྲན་བུ་ཡོད་པ་ཞིག་ཡིན་ཀྱང་། མི་མང་ཆེ་བ་ལྟར་ང་ལ་ཁོང་གི་ཐོག་ལ་མཐར་ཐུག་པའི་རྒྱུས་མངའ་ཞིག་མེད། འོན་ཀྱང་༧གོང་ས་མཆོག་འཚོ་བཞུགས་སྐབས་སུ།    ང་ཚོར་དེ་ཙམ་རྒྱུས་མངའ་མེད་པའི་མི་གཅིག་གིས་བཀའ་བློན་ཁྲི་པ་བྱས་ནས་གལ་ཏེ་དེས་ནོར་འཁྲུལ་ཕྲན་བུ་ཞིག་བཟོ་སྲིད་པའི་དབང་དུ་བཏང་བའི་ཉེན་ཁ་དེ་དང་། ༧གོང་ས་མཆོག་འཚོ་བཞུགས་སྐབས་སུ་བོད་མི་ན་གཞོན་ཤེས་ཡོན་ཅན་ལ་བཙན་བྱོལ་བོད་གཞུང་གི་འགོ་ཁྲིད་བྱེད་པའི་ལས་འགན་མ་སྤྲད་པའི་ཉེན་ཁ་དེ་གཉིས་གནམ་ས་ལྟ་བུའི་ཁྱད་པར་ཡོད་ཀྱི་རེད་དྲན།
མ་གཞི་ནས་དེ་སྔོན་ནས་བཀའ་བློན་བྱས་ཟིན་པའི་མི་དང་ད་བར་བཀའ་བློན་བྱེད་མ་མྱོང་བའི་མི་སུས་ནོར་འཁྲུལ་བྱེད་རྒྱུ་ཡིན་པ་སུས་ཀྱང་བརྗོད་ག་ལ་ཤེས།   
སུ་ཞིག་གིས་༧གོང་ས་མཆོག་འཚོ་བཞུགས་སྐབས་སུ་བཀའ་བློན་ཁྲི་པ་བྱས་ནས་ནོར་འཁྲུལ་ཕྲན་བུ་ཞིག་བྱས་པའི་དབང་དུ་བཏང་ཡང་། དེས་ང་ཚོའི་རྩ་བའི་རྩ་དོན་ལ་ཉེན་ཁ་སྤྲོད་མི་ཐུབ། དེའི་རྒྱུ་མཚན་ནི། བཀའ་བློན་ཁྲི་པ་སུ་འདྲ་ཞིག་སླེབས་ཀྱང་རུང་། ༧གོང་ས་མཆོག་བགྲེས་ཡོལ་ལ་བཞུགས་ཀྱང་རུང་།    བོད་རྒྱ་ཆེའི་མི་དམངས་ཀྱིས་དད་གུས་དང་རེ་བཅོལ་མཐའ་གཅིག་ཏུ་ཞུ་ཡུལ་དེ་༧གོང་ས་མཆོག་ལས་གཞན་མེད་ལ།    ༧གོང་ས་མཆོག་གིས་ཀྱང་ཁོང་ཇི་སྲིད་འཚོ་བཞུགས་གནང་བའི་རིང་ལ་བོད་མིའི་བདེ་སྡུག་བློས་གཏོང་ནམ་ཡང་མི་གནང་བ་ཐག་གིས་ཆོད། དེ་བཞིན་མིང་ཡག་ཉེས་ལ་མ་ལྟོས་པའི་རྡ་རམ་ས་ལར་བོད་མི་དམངས་ཀྱིས་ཚབ་བྱེད་མཁན་སྤྱི་མཐུན་ལྷན་ཚོགས་ཤིག་ཀྱང་ཡོད་པས་བཀའ་བློན་ཁྲི་པས་ག་རེ་བྱེད་བྱེད་ཅིག་ཆག་གི་མེད།    དེར་བརྟེན་ད་ཆ་ང་ཚོ་ཉེན་ཁའི་གནས་སུ་མ་སླེབས་པའི་གོང་དུ་བཀའ་བློན་ལ་ཉམས་མྱོང་མེད་ན་ཉེན་ཁ་ཆེ་མདོག་མ་བྱས་པར་ང་ཚོའི་མ་འོངས་པར་ཡོང་རྒྱུ་ཐག་ཆོད་པའི་དངོས་གནས་ཀྱི་ཉེན་ཁ་དེའི་ཆེད་དུ་ད་ཆ་ནས་གྲ་སྒྲིགས་བྱེད་རྒྱུ་དེ་ཡ་ཐོད་ཀ་ལིའི་ནངདུ་འཐེན་འཁྱེར་གྱི་གཡའ་མ་རྒྱབ་པའི་ཀླད་པ་ཐུར་མ་གང་ལས་མེད་པའི་མི་ཞིག་ཡོད་ཀྱང་མཐོང་ཐུབ་པ་ཞིག་རེད་བསམ་གྱི་ཡོད།

ང་ཚོར་འཛམ་གླིང་འདིའི་རྒྱལ་ཁབ་སུ་ཞིག་ལ་ཡང་མེད་པའི་དབུ་ཁྲིད་ཞིག་ཡོད་པའི་དུས་སུ། ཁོང་གི་སྐུའི་བསིལ་གྲིབ་ཀྱི་འོག་ཏུ་བཙན་བྱོལ་བོད་གཞུང་གི་འགོ་ཁྲིད་གསོ་སྐྱོང་བྱེད་རྒྱུའི་གོ་སྐབས་དེ་ང་ཚོས་ཉི་མ་གཅིག་ཀྱང་ཕྱིར་འགྱང་བྱེད་ཐབས་མེད། འདི་ནི་ང་ཚོའི་གྲ་སྒྲིགས་སྡུག་ས་ནས་བྱེད་པའི་གཞི་རྩའི་རྨང་གཞི་དེ་ཡིན། དེ་གང་ལ་ཟེར་ན། ལོ་ལྔ་ཡི་དུས་བཀག་ཡོད་པའི་བཀའ་བློན་ཁྲི་པ་ཞིག་གིས་ལོ་ལྔ་གཉིས་བཅུ་ལ་ལས་འགན་ཁུར་ཚེ། ༧གོང་ས་མཆོག་དགུངས་གྲངས་མཐོན་པོར་ཕེབ་རྒྱུ་དང་། གལ་ཏེ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་བཀྲིས་དབང་འདུས་ལགས་རྣམ་གཉིས་སུ་རུང་གིས་བཀའ་བློན་ཁྲི་པ་གནང་ཚེ།    དེ་དུས་ཁོང་རྣམ་གཉིས་ཀྱང་བགྲེས་སོང་ཞིག་ཏུ་ཆག་རྒྱུ་རེད།    དེ་བར་མི་རབ་གསར་པར་ལས་འགན་སྤྲོད་རྒྱུ་ཕྱིར་འགྱང་བྱེད་མི་ཉན།    ལོ་བཅུ་དེའི་ནང་ཚུན་དུ་བོད་ཀྱི་གནད་དོན་འདི་སེལ་ཐུབ་རྒྱུ་ཡིན་པ་ཁྱེད་ལ་གདེང་ཚོད་ཆ་ཚང་ཞིག་ཡོད་ན། ཁྱེད་ཀྱིས་འོས་ཤོག་དེ་སུ་འདོད་ལ་བླུག་ན་ཁྱད་པར་མེད་ལ།བཀའ་བློན་ཁྲི་པ་ཞིག་དགོས་དོན་ཡང་དེ་ཙམ་མེད། གང་ལ་ཟེར་ན།    གལ་ཏེ་བཙན་བྱོལ་བོད་གཞུང་འདི་བོད་ལ་ལོག་རྒྱུའི་ཉི་མ་ཞིག་ཤར་ཚེ།    ༧གོང་ས་མཆོག་གི་འོག་ཏུ་བོད་ཀྱི་འགོ་ཁྲིད་བྱེད་ཐུབ་མཁན་བཙན་བྱོལ་ནང་ལས་བོད་ནང་མང་བ་ཡོད་པས་ཡིན།
ཁག་ཅིག་གིས་ད་ཆ་གཞོན་ནུ་ཤེས་ཡོན་ཅན་ཞིག་གིས་ལོ་ལྔ་འམ་བཅུའི་རིང་བཀའ་ཁྲི་བྱས་པ་དེས་ལོ་བཅུའི་རྗེས་སུ་བཀའ་ཁྲིའི་ལས་ཀ་དེ་ནས་འགྲོ་དགོས་པ་ཞིག་ཡིན་པར་བརྟེན་ནས་དེར་ལོ་ཆེ་ཆུང་གི་ཁྱད་པར་མེད་པ་ཞིག་ཡིད་ལ་འཁོར་སྲིད་མོད། དེ་ནི་དེ་ལྟར་མིན། གཅིག་ནས་ད་ཆ་ཤེས་འཇོན་ལྷག་གསུམ་ལྡན་པའི་གཞོན་སྐྱེས་ཤིག་གིས་བཀའ་ཁྲི་བྱས་ཏེ་དེས་༧གོང་ས་མཆོག་གི་རླབས་ཆེན་གྱི་དབུ་ཁྲིད་འོག་ཉམ་མྱོང་བསག་ནས་ཕྱོགས་གང་ཅིའི་ཐད་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱིས་རེ་བ་བྱེད་ཡུལ་ཞིག་ཆགས་པ་བྱེད་ཐུབ་ཚེ། མི་དེས་རྗེས་སུ་བཀའ་བློན་ཁྲི་པ་མ་བྱས་ཀྱང་བཙན་བྱོལ་སྤྱི་ཚོགས་དང་བོད་ཀྱི་རྩ་དོན་ནང་ཞབས་འདེགས་མུ་མཐུད་ནས་ཞུ་ཐུབ་རྒྱུ་དང་།    གཉིས་ནས་ཧར་ཝར་ཌིའི་གཙུགས་ལག་སློབ་དཔོན་ཐོན་པའི་གཞོན་ནུ་ཞིག་རྡ་རམ་ས་ལར་ལོག་ནས་བོད་གཞུང་གི་ལས་ཀ་བྱེད་དུས་དེས་ནུབ་ཕྱོགས་སུ་ཡོད་པའི་བོད་རིགས་གཞོན་ནུ་ཤེས་ཡོན་ཅན་མང་པོར་རང་གི་ཤེས་འཇོན་ལ་དཔག་པའི་བཙན་བྱོལ་བོད་གཞུང་གི་ལས་དོན་རིམ་པའི་ནང་བྱ་བ་བྱེད་རྒྱུར་སྐུལ་སློང་བཟང་པོ་ཞིག་སྤྲོད་ཐུབ་ལ། དེ་རྣམས་ཀྱི་ཐོག་ལ་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བཙན་བྱོལ་མི་དམངས་ཀྱིས་ཡིད་ཆེས་ཐོབ་རྒྱུའི་བྱ་བ་ཞིག་ཀྱང་འགྲུབ་གྱི་རེད།    འདི་ད་ཆ་ནས་འགོ་བཙུགས་དགོས་པ་ཞིག་རེད།    གོ་ལོག་ཐེབ་མི་ཉན་པ་ཞིག་ལ།    འདི་ནི་ངས་ངེས་པར་དུ་ནུབ་ཕྱོགས་སུ་ཡོད་པའི་བོད་མི་ཁོ་ནས་བཙན་བྱོལ་སྤྱི་ཚོགས་ཀྱི་འགོ་ཁྲིད་བྱེད་དགོས་པ་ཞིག་ཡིན་བརྗོད་ཀྱི་མེད།    འོན་ཀྱང་དེང་སང་བོད་མི་རྣམས་ཕྱི་རྒྱལ་དུ་ཁ་ཕྱོགས་ནས་རྒྱུག་བཞིན་པའི་སྐབས་སུ་བཙན་བྱོལ་བོད་གཞུང་རྡ་རམ་ས་ལར་རྒྱུན་གནས་ཐུབ་མིན་ཐོག་མི་མང་པོས་སེམས་འཚབ་བྱེད་པའི་དུས་སྐབས་ཤིག་སླེབས་ཡོད་པར་བརྟེན་ནས་བརྗོད་ཀྱི་ཡོད།

ང་ཚོས་གནད་དོན་འདི་དག་གི་ཐད་ལ་བསམ་བློ་བཏང་ནས་ད་ཆ་སོ་སོའི་ཆུང་ཙག་གི་སྒེར་དོན་གང་ཡོད་ཟུར་དུ་བཞག་སྟེ་བོད་སྤྱིའི་རྩ་དོན་དེ་གཉན་འཕྲང་ཇི་འདྲ་ཞིག་གི་ཐོག་ལ་སླེབས་ཡོད་པ་དང་བོད་ནང་བོད་མིའི་སྐུ་ཚབ་ཡིན་ཅེས་བརྗོད་མཁན་ང་ཚོ་བཙན་བྱོལ་བ་རྣམས་ལ་ལས་འགན་ཆེན་པོ་ཇི་འདྲ་ཞིག་ཡོད་པ་དེ་ཧ་གོ་བ་བྱས་ནས་ལས་དོན་བྱེད་དགོས་ལ།    དེ་ཡང་རང་གི་བློ་རིག་གི་མཇིང་པ་རིང་ཙམ་བསྐྱང་ནས་མ་འོངས་ཀྱི་རྒྱ་ལམ་རིང་མོར་བལྟས་ནས་གྲ་སྒྲིགས་བྱེད་དགོས།

ད་ཆ་བོད་ཀྱི་ས་ཁུལ་ཧ་ཅང་མང་པོའི་ནང་བོད་མི་རྣམས་ཀྱིས་བོད་གངས་ཅན་པའི་མིང་གཅིག་གི་འོག་ནས་བོད་ཀྱི་ལ་རྒྱའི་རྒྱལ་མཚན་མཁའ་ལ་བསྒྲེངས་ནས་རང་གི་སྲོག་དང་རང་ལ་ཡོད་ཚད་བློས་གཏོང་བྱས་དང་བྱེད་བཞིན་པའི་དུས་སྐབས་འདི་འདྲ་ཞིག་ལ་སླེབས་དུས། ཚུར་ཙམ་དེར་ང་ཚོ་རང་དབང་ལུང་པའི་ནང་ཡོད་མཁན་ཚོས་རང་དོན་འབའ་ཞིག་སྒྲུབ་ཐོག་སྤྱི་དོན་ལ་གནོད་པའི་འཐེན་འཁྱེར་གྱི་ལོག་ལྟའི་ཁུང་བུ་རེ་རེའི་ནང་འགོ་བཅུགས་ནས་བསྡད་ན། དེ་ནི་བོད་མི་ཞིག་གི་ལུས་བླངས་པའི་གོ་མ་ཆོད་པའི་ཐོག འགྲོ་བ་མི་ཡི་ལུས་རྟེན་ཐོབ་པའི་དགོས་པ་ཡང་བྲལ་བ་རེད།

ང་ཚོ་བོད་ཀྱི་ལོ་རྒྱུས་ནང་ཕྱིར་བལྟས་སློག་དུས། བོད་ནང་ཡར་ཐོན་གྱི་བསམ་བློ་ཡོད་མཁན་མི་འཇོན་ཐང་ཅན་མ་བྱུང་བ་རེད་མི་འདུག ཡིན་ན་ཡང་མི་ཚོ་ཁག་གཅིག་གིས་དུས་རྟག་པར་ཡང་ནས་ཡང་དུ་དབང་འཛིན་བྱས་ནས་ཕྲག་དོག་གིས་གཞན་ཚར་བཅོད་པ་འམ་གཞན་གྱི་འཇོན་ཐང་བེད་སྤྱོད་རྒྱུའི་གོ་སྐབས་མི་སྤྲོད་པ། གཞན་གྱིས་ལེགས་བཤད་ལ་ཉན་འཇོག་མི་བྱེད་པ་བཅས་ཀྱི་ཁོར་ཡུག་ཞིག་ནང་ང་ཚོའི་སྤྱི་ཚོགས་ནང་མིའི་བསམ་བློ་ཡར་རྒྱས་འགྲོ་མ་ཐུབ་པར་བརྟེན། ང་ཚོ་ད་ཆའི་གནས་སྟངས་འདིར་སླེབས་ཡོད་པ་དེ་ནི་མི་འདོད་ཀྱང་ཁས་ལེན་དགོས་པའི་བདེན་པའི་དཔང་པོ་ཞིག་ཡིན། འདི་ནི་ངས་སྤྱི་ཚོགས་རྙིང་པར་མཐའ་གཅིག་ཏུ་འཁང་ར་བྱས་ནས་བརྗོད་པ་ཞིག་མིན། དེ་དུས་ཀྱི་དུས་སྐབས་དེ། དེ་དུས་ཀྱི་དུས་སྐབས་ཤིག་ཡིན་པ་དེ་ཟུར་ལ་འཇོག་པ་ལས་དགོས་པ་ཅི་མེད། ང་ཚོའི་སྤྱི་ཚོགས་སྙིང་པ་དེར་ཡུལ་གཞན་གྱི་སྤྱི་ཚོགས་སྙིང་པ་ལས་བཟང་བའི་གནད་དོན་ཡང་ཡོད།
འོན་ཀྱང་ད་ཆ་ང་ཚོ་དུས་རབ་༢༡་པའི་ནང་སྐྱོད་བཞིན་པ་དང་༧གོང་ས་མཆོག་གིས་བོད་མི་དམངས་ལ་མང་གཙོའི་གསོལ་རས་བསྩལ་ནས་ལོ་བཅུ་ཕྲག་དུ་མ་འགྲོ་བའི་དུས་འདིར་སླར་ཡང་ང་ཚོའི་བསམ་བློ་རྙིང་པ་ཞིག་ཁྱེར་ནས་གསར་བཏོད་ལ་འཇིགས་སྣང་སྐྱེ་བ་དང་སྔོན་ཐོན་ལ་ཡིད་ཆེས་མི་བྱེད་པའི་སྤྱོད་ཚུལ་གྱི་འོག་ནས་བཙན་བྱོལ་བོད་གཞུང་ནང་བཀའ་བློན་བྱེད་མཁན་རྣམས་ཀྱང་ཡང་འདེམས་སྐྱར་འདེམས་བྱས་ཚེ། གཅིག་ནས་འདི་ལོ་རྒྱུས་སྐྱར་ཟློས་བྱེད་པ་ཞིག་ལ་འགྱུར་སྲིད་ལ། གཉིས་ནས་པེ་ཅིང་སྲིད་གཞུང་གི་འགོ་ཁྲིད་ཚོས་བཙན་བྱོལ་གྱི་སྒྲིགས་འཛུགས་འདི་རིམ་བཞིན་ཡལ་འགྲོ་རྒྱུའི་རེ་སྒུག་བྱེད་ནས་ད་ཆ་༧གོང་ས་མཆོག་གི་སྐུ་ཚབས་དང་ལྷན་དུ་བོད་ཀྱི་གནད་དོན་སེལ་རྒྱུར་སྣང་མེད་གཏོང་བ་འདི་ལ་ཡང་ལན་འདེབས་ལོག་པ་ཞིག་སྤྲོད་རྒྱུ་རེད།

སྤྱིར་བཏང་ནས་འགྱུར་བ་ཞེས་པ་དེར་སེམས་འཚབ་བྱེད་པ་ནི་མིའི་བསམ་བློའི་རང་བཞིན་ཞིག་རེད། ལྷག་པར་དུ་བོད་མིའི་གཤིས་ཀ་དེ་རྟག་ཏུ་བརྟན་པོ་བྱེད་ནས་སྡོད་རྒྱུར་ཤིན་ཏུ་ནས་བློ་བདེ་པོ་བྱེད་ཀྱི་ཡོད། ཡིན་ན་ཡང་ད་ཆའི་སྐབས་བབ་ཀྱི་ཛ་དྲག་ཅན་གྱི་ཁོར་ཡུག་འདིའི་ནང་བརྟན་པོ་ཞེས་པ་དེ་ཡང་སྙིང་ཉེན་ཁ་ཆེ་བའི་བྱ་བ་ཞིག་ཀྱང་འགྱུར་སྲིད་ཅེས་བརྗོད་ན་མི་ཆོག་པ་ཞིག་མིན།    གསར་གཏོད་དང་ཐབ་ལམ་འདྲ་མིན་ཐོག་ནས་འབད་བརྩོན་བྱེད་རྒྱུའི་བསམ་བློ་མི་གཏོང་པར་མུ་མཐུད་ནས་ད་ཡོད་ཀྱི་འགྲོ་ལུགས་གཅིག་པུ་རྒྱུན་མཐུན་བྱེད་རྒྱུའི་བསམ་བློ་གཏོང་ཚེ།    དེ་ནི་ད་ཆའི་ཛ་དྲག་གི་དུས་ཚོད་ནང་མཚོན་ན། འཆི་སྨན་ཟས་ནས་ཉལ་སར་ཉལ་བ་ལྟ་བུ་ཞིག་ལ་འགྱུར་སྲིད།    དེ་ལས་ད་ཆ་ང་ཚོ་རྒྱབ་བརྟེན་ས་གཞན་ལ་མེད་པ་ཞིག་ཡོད་པའི་སྐབས་སུ་གཉིད་མ་ཁུག་པར་གོ་སྐབས་འདི་བཟུང་ནས་ཤེས་འཇོན་ལྷག་གསུམ་ལྡན་པའི་མི་རབས་གསར་པ་འཚོལ་བསྡུ་དང་གསོ་སྐྱོང་བྱེད་ནས་ང་ཚོའི་འཐབ་རྩོད་འདི་མི་རབས་ནས་མི་རབས་བར་གནས་དགོས་ཀྱང་གནས་རྒྱུའི་གྲ་སྒྲིགས་སྡུག་ས་ནས་བྱེད་དགོས།

དེང་སང་བཀའ་བློན་ཁྲི་པའི་འོས་མི་གསུམ་དང་ལྷག་པར་དུ་བློ་བཟང་སེངྒེ་ལ་དམའ་འབེབས་དང་སྐྱོན་འཛུགས་བྱེད་ཐབས་ཁོ་ནར་འབད་བརྩོན་བྱེད་པའི་ཡིག་འཁྱར་མང་པོ་ཞིག་འགྲེམ་སྤེལ་བྱེད་པའི་གནས་ཚུལ་འདིར་ང་ཚོས་དྲན་དགོས་པ་ཞིག་ལ།    ཁྱེད་ཀྱིས་བློ་བཟང་སེངྒེའི་ཡོན་ཏན་གཞན་ངོས་ལེན་བྱེད་འདོད་མེད་པའི་དབང་དུ་བཏང་ཡང་།    དེང་སྐབས་བཙན་བྱོལ་ནང་མི་རྣམས་ཀྱིས་བོད་གཞུང་མགོ་སྐོར་གཏོང་དགོས་བྱུང་ཡང་བཏང་ནས་ནུབ་ཕྱོགས་སུ་རྒྱུག་བཞིན་པའི་སྐབས་སུ་ཁོང་གིས་མ་མཐར་ཡང་བོད་གཞུང་ལ་ཞབས་ཞུ་བསྒྲུབ་རྒྱུའི་བསམ་བློ་ཞིག་གཏོང་བ་འདི་ལ་རྗེས་སུ་ཡི་རང་ཞིག་བྱེད་དགོས་པའི་གནད་དོན་ཞིག་ཡིན་པ་ལས།    ཁོང་ནི་བོད་མི་ཡོངས་ཀྱི་ནང་ནས་ཐ་ཤལ་གྱི་མི་ཞིག་ཡིན་པའི་སྐད་ཆ་དེ་འདྲ་ཤོད་པ་དེ་ཤོད་མཁན་གྱིས་སོ་སོའི་ངན་སེམས་ཕྱི་ལ་འདོན་པ་ཞིག་ལས་ཁོང་ནི་དེ་འདྲའི་ཐབ་སྐྱོ་བའི་མི་ཞིག་མིན་པ་ང་ཚོས་མཐོང་ཐུབ་པ་ཞིག་རེད།    གལ་ཏེ་ཧར་ཝར་ཌི་གཙུག་ལག་སློབ་དཔོན་སློབ་ཐོན་བྱས་པའི་མི་ཞིག་གིས་ཨ་རིའི་ནང་ཡོད་པའི་བོད་མི་མང་ཆེ་བ་ལྟར་རང་འགོ་གར་ཐོན་བྱས་ན་ག་རེ་བྱས་བྱས་རེད།

འདིར་ནན་བརྗོད་བྱེད་དགོས་པ་ཞིག་ནི།    ད་ཆའི་བཀའ་བློན་ཁྲི་པའི་འོས་བསྡུའི་ལས་འགུལ་སྤེལ་མཁན་ཚོས་ཉམས་མྱོང་ཞེས་པའི་ཚིག་དེ་ཚད་ལས་བརྒལ་བའི་བེད་སྤྱོད་བྱེད་པར་བརྟེན་མི་མང་པོའི་སེམས་ནང་གཞོན་སྐྱེས་ཤེས་ཡོན་ཅན་གྱི་ཐོག་ལ་གདེང་ཚོད་བརླག་པའི་རྐྱེན་བྱེད་ཀྱི་ཡོད་སྲིད། སྤྱི་བཏང་ནས་ཉམས་མྱོང་ཞེས་པ་དེ་ལས་རིགས་ཕལ་ཆེ་བར་དགོས་པ་ཞིག་ཡིན་མོད།    འོན་ཀྱང་ཤེས་དགོས་པ་ཞིག་ནི།    འགོ་ཁྲིད་བྱེད་མཁན་ཞིག་ལ་མཚོན་ན།    ཚད་མཐོའི་ཤེས་ཡོན་ནི་ཉམས་མྱོང་དང་ཁྱད་པར་མེད།    མི་ཅིག་གི་ཉམས་མྱོང་དེ་མི་གཅིག་གིས་མི་ཚེའི་ནང་བྱས་པའི་བྱ་བ་ལས་ཐོན་པའི་ཤེས་བྱ་ཞིག་རེད། དེང་དུས་ཀྱི་ཡར་ཐོན་ཅན་གྱི་གཙུག་ལག་སློབ་གྲྭའི་ནང་སྦྱང་པའི་ཤེས་བྱ་དེ་ནི།    འཛམ་གླིང་ནང་གི་རླབས་ཆེན་གྱི་མི་མང་པོས་བསགས་པའི་ཉམས་མྱོང་གི་འོ་མ་ལས་བཏོན་པའི་ཤེས་བྱའི་ཟེལ་མར་ཞིག་རེད་ཅེས་བརྗོད་ན་ཆོག
བཀའ་བློན་ཁྲི་པའི་འོས་བསྡུའི་ལས་འགུལ་ནང་མི་འགའ་ཤས་ཀྱིས་ཉམས་མྱོང་དེ་མ་བྱས་ལ་དཔེ་མཇོག་པ་དང་། འགའ་ཤས་ཀྱིས་རྡོ་ཞལ་འདིང་མཁན་ལ་དཔེ་མཇོག་པ་སོགས་བྱེད་ཀྱི་འདུག་པ་འདི་ནི་རང་གི་འོས་མིར་རྒྱབ་སྐྱོར་བྱེད་པའི་ཆེད་དུ་ཞྭ་དཔེ་ལྷམ་འགེབས་བྱེད་པ་ཞིག་རེད། ངས་བལྟས་ན་འགོ་ཁྲིད་ལ་ཚང་དགོས་པའི་ཁྱད་ཆོས་གལ་ཆེ་ཤོས་དེ་ནི་ཤེས་འཇོན་ལྷག་བསམ་དང་བློ་སྟོབས། གསར་གཏོད་ཀྱི་རང་བཞིན་ལྡན་པ། ལས་དོན་གང་ཅིར་ཐོག་མར་གྲ་སྒྲིགས་དང་རྗེས་སུ་རྒྱུན་མཁྱོངས་བྱེད་ཐུབ་པ་བཅས་བྱེད་པའི་རང་གཤེས་ཡོད་པ་ཞིག་དགོས།   

དེ་བཞིན་ཉམས་མྱོང་ཟེར་བའི་ཚིག་གཅིག་པུའི་ཐོག་ལ་འགོ་འཁོར་ཚེ།    དེས་ང་ཚོའི་སྤྱི་ཚོགས་འདི་ཡར་ཐོན་ཅན་གྱི་དེང་དུས་ཀྱི་ཤེས་བྱའི་ནུས་པའི་རིན་ཐང་རྩིས་མེད་གཏོང་བའི་རྗེས་ལུས་ཀྱི་བསམ་བློའི་འཇིག་རྟེན་ནང་འཁྲིད་སྲིད་པས་དེའི་ཐོག་ལ་ཡིད་གཟབ་བྱེད་དགོས་པ་ཞིག་ཡིན།    གང་ལ་ཟེར་ན། སྤྱི་ཚོགས་གང་ཞིག་ལ་ཤེས་ཡོན་གྱི་རིན་ཐང་དེ་རིམ་པ་དམའ་སར་འཇོག་པའི་གོམས་གཤིས་ཡོད་ཚེ། སྤྱི་ཚོགས་དེ་ནམ་ཡང་ཡར་རྒྱས་འགྲོ་མི་ཐུབ། འདི་ནི་རང་ཅག་གི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ལྔ་བཅུའི་གོང་ནས་མཁྱེན་ཟིན་པའི་གནད་དོན་ཞིག་ཡིན།

ཚང་མས་མཁྱེན་གསལ་ལྟར་བོད་མི་བཙན་བྱོལ་བ་ཐོག་མར་རྒྱ་གར་ནང་སླེབས་པའི་སྐབས་སུ་༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞིའི་འོག་ནས་ཕྱག་ལས་ཨང་དང་པོ་དེ་བོད་ཕྲུག་རྣམས་ལ་དེང་དུས་ཀྱི་ཤེས་བྱ་རག་པའི་ཆེད་སློབ་གྲྭ་བཙུགས་གནང་བ་དེ་རེད། དེ་ནས་བཟུང་ད་བར་འབད་བརྩོན་གནང་བ་དེ་བརྒྱུད་རོམ་ནང་བཙན་བྱོལ་སྤྱི་ཚོགས་ནང་དུས་ཚོད་ལ་དཔག་པའི་ཤེས་ཡོན་ཅན་གྱིས་ཞབས་ཞུས་ནུས་པ་འདོན་ཐུབ་པ་བྱུང་ཡོད་ལ། ད་ཆ་དུས་རབས་ཕྱེད་ཀ་ཡོལ་འགྲོ་བའི་སྐབས་འདིར་ང་ཚོ་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་གྱི་ཚད་ཡོངས་སུ་རྫོགས་པའི་མི་སྣ་ཐོན་བཞིན་པར་བརྟེན། ང་ཚོས་སྤོབས་པ་ཆེན་པོའི་ཤེས་ཡོན་གྱི་གྲུབ་འབྲས་དེ་སྟོན་པའི་དུས་ལ་སླེབས་ཡོད།    འདི་ན་ང་ཚོའི་མ་འོངས་པའི་ཆེད་དུ་གྲ་སྒྲིགས་སྡུག་ས་ནས་བྱེད་པའི་རྨང་གཞི་ངེས་ཅན་ཞིག་ཡིན་པ་ཙམ་མ་ཚད། ད་ཆའི་འཐབ་རྩོད་ནང་གི་འཐབ་ཇུས་ཤིག་ཀྱང་ཡིན།

འདི་ནི་བཙན་བྱོལ་བོད་མི་རྣམས་ཀྱིས་ང་ཚོའི་བོད་ནང་གི་སྤུན་ཟླ་རྣམས་ལ་སེམས་ཤུགས་སྤར་བྱེད་ཀྱི་དར་ལྕོག་ཅིག་ཧི་མ་ལ་ཡི་ཚུར་ནང་འདིར་བསྒྲེངས་བ་ཞིག་རེད་ལ། ༧གོང་ས་མཆོག་ལ་ཐུགས་རྗེ་ལེགས་འབུལ་ཞུ་བའི་དར་དཀར་ཞིག་རྡ་རམ་ས་ལར་འབུལ་བ་རེད།    དེ་བཞིན་བོད་མི་རིགས་འདི་ཆེས་རྗེས་ལུས་ཅན་གྱི་མི་རིགས་ཤིག་རེད་ཟེར་མཁན་ཚོ་ལ་དེ་ཚོད་ཀྱི་ལན་འདེབས་ཤིག་བྱེད་ཐུབ་པ་མ་ཚད། ང་ཚོའི་བཙན་བྱོལ་གཞུང་འདི་མང་གཙོ་ཡང་དག་ཅིག་ཡིན་མིན་གྱི་སྐྱོན་བརྗོད་བྱེད་མཁན་ཚོར་ཡང་ཁ་གྲག་རྒྱུ་མེད་པ་ཞིག་བཟོ་རྒྱུ་རེད། དེ་བཞིན་རྒྱ་གར་གཞུང་ལ་མཚོན་ན། འདི་ནི་ཁོང་ཚོའི་སྤོབས་པ་ཆེན་པོས་རྒྱབ་སྐྱོར་བྱེད་དགོས་པའི་གནས་ཚུལ་ཞིག་ཆགས་ཡོད།

རྒྱ་གར་གྱི་སྲིད་བློན་ནེའུ་རུ་ཡིས་༧གོང་ས་མཆོག་ལ་བོད་ཀྱི་གནད་དོན་འདི་མཉམ་འབྲེལ་རྒྱལ་ཚོགས་ལ་མ་སྐྱེལ་བར་དེ་ལས་བོད་མི་གཞོན་སྐྱེས་ཚོ་ལ་སློབ་སྦྱོང་སྤྲོད་ཐབས་ལ་ནུས་པ་སྒྲིམ་ནས་འབད་བརྩོན་གནང་དགོས་ཚུལ་ཞུས་པ་ལྟར། ད་ཆ་འབད་བརྩོན་དེའི་གྲུབ་འབྲས་ཐོན་པ་དང་བོད་ཀྱི་མ་འོངས་རྩ་དོན་གྱི་གནས་སྟངས་གཉན་འཕྲང་ཅན་ལ་སླེབས་ཡོང་དུས་རྒྱ་གར་གཞུང་གིས་འདི་ཁོང་ཚོས་ལམ་སྟོན་བྱས་པ་དེ་ཡིན་པ་དེ་དྲན་པར་བྱེད་ནས་རྒྱ་གར་ནང་སྐྱེས་ཏེ་འཚར་ལོངས་བྱས་པ་དང་ད་ཆ་འཛམ་གླིང་གི་གཙུག་ལག་སློབ་གྲྭ་ཆེས་སྙན་གྲགས་ཅན་ནས་གཙུག་ལག་སློབ་དཔོན་སློབ་ཐོན་བྱུང་བའི་མིས་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱི་འགན་ཁུར་ལས་དོན་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པ་ཞིག་རེད།

དེས་མ་ཚད།    འདིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇའ་བཅར་ཞུ་མཁན་རྒྱ་མི་ཤེས་ཡོན་ཅན་སོགས་རྒྱ་ནག་ནས་རྡ་སར་མཇལ་བཅར་ཞུ་མཁན་ཚོས་སོ་སོའི་མིག་གིས་བཙན་བྱོལ་བོད་མིའི་མང་གཙོའི་གནས་བབ་ཇི་འདྲ་ཞིག་ལ་སླེབ་པ་མཐོང་ཐུབ་རྒྱུ་དང་། ༧གོང་ས་མཆོག་གི་སྐུ་ཚབ་རྣམ་པས་པེ་ཅིང་སྲིད་གཞུང་གི་འབྲེལ་ཡོད་མི་སྣར་ཐུགས་འཕྲད་བྱེད་པའི་སྐབས་སུ་ཡང་སྤོབས་པ་ཆེན་པོའི་ངོམ་རྒྱུའི་ལག་ཆ་ཞིག་ཡོང་རྒྱུ་རེད། སྤྱིར་བཏང་ནས་མི་སུ་འདེམས་ཐོན་བྱུང་ཡང་དེ་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱས་པར་བརྟེན་ནས་དེས་མང་གཙོའི་ངོ་བོ་མཚོན་ཐུབ་ཀྱང་། བཙན་བྱོལ་ནང་གི་གཞིས་ཆགས་སུ་སྐྱེས་ཤིང་འཚར་ལོངས་བྱུང་ཞིང་། དེ་ཡང་འཛམ་གླིང་ནང་གི་གཙུག་ལམ་སློབ་གྲྭ་ཆེས་སྙན་གྲགས་ཆེ་ཤོས་ནས་གཙུག་ལག་སློབ་དཔོན་ཐོན་པའི་ཤེས་བྱ་གཞི་ལ་བཞག་ནས་བཀའ་བློན་ཁྲི་པ་སླེབས་པ་དང་། དེ་སྔོན་ནས་བོད་གཞུང་གི་དཀྱིལ་འཁོར་ནང་མི་ཚེ་སྐྱེལ་བའི་མི་ཞིག་བཀའ་བློན་ཁྲི་པར་སླེབས་པ་གཉིས་དབར་ང་ཚོར་སྐྱོན་འཛུགས་ཁོ་ན་བྱེད་ཐབས་བྱེད་མཁན་གྱི་ཡུལ་གྱི་ངོས་ནས་བལྟས་ན་དེ་གཉིས་ཀྱི་ལྗིད་ཚད་ཐོག་ཁྱད་པར་ཆེན་པོ་ཞིག་ཡོད། ཁྱེད་ཀྱི་གོ་བ་ལོག་སྒྲུབ་བྱེད་མི་ཉན་པ་ཞིག་ལ།    ངས་གཞན་གྱི་སྐྱོན་བརྗོད་གཡོལ་ཐབས་གཅིག་པུར་བལྟས་ནས་བཀའ་བློན་ཁྲི་པ་གདམ་དགོས་རེད་ཅེས་བརྗོད་ཀྱི་ཡོད་མ་རེད། འོན་ཀྱང་རྩ་བའི་ང་ཚོའི་བཙན་བྱོལ་བོད་གཞུང་སྲ་བརྟན་ཡོང་བའི་གྲ་སྒྲིགས་བྱེད་པ་ཆབ་ཅིག་ཏུ་ད་ཆའི་འཐབ་ཇུས་ལ་བསམ་བློ་གཏོང་དགོས་པ་ཞིག་རེད།

དེར་བརྟེན། བོད་མིའི་ངག་རྒྱུན་ལ་ཡོད་པ་བཞིན་ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཅེས་པ་དེ་དོན་དངོས་སུ་ཡོད་པའི་མང་གཙོའི་ལམ་ལུགས་འདི་ངོམ་རྒྱུའི་དུས་ལ་སླེབས་ཡོད།    འདི་ནི་༧གོང་ས་མཆོག་གིས་གནང་ཐབས་མེད་པའི་མང་ཚོགས་ལ་ཡོད་པའི་ལས་འགན་ཞིག་ཡིན་པ་དེ་ང་ཚོས་ཧ་གོ་བ་བྱེད་དགོས།

ཡང་གསལ་སྟོན་བྱེད་དགོས་པ་གཅིག་ལ།    དེང་སྐབས་གཞོན་སྐྱེས་ཤེས་ཡོན་ཅན་འདེམས་བསྐོ་བྱེད་དགོས་པའི་སྐད་ཆ་ཤོད་དུས་བཙན་བྱོལ་ནང་གི་མི་འགའ་ཤས་ཀྱིས་དེ་ནི་ལོ་རྒན་གཞོན་བར་གྱི་འཐབ་རྩོད་གཅིག་ཡིན་པའི་ངོས་འཛིན་བྱེད་མཁན་ཡོད་རེད་ཅེས་ཉེ་ཆར་མི་འགས་ང་ལ་བཤད་བྱུང་། དེ་འདྲའི་གནས་ཚུལ་ཡོད་པ་ངས་དེ་སྔོན་ཤེས་མ་མྱོང་ལ། ངས་འདིར་ཐལ་མོ་སྦྱར་ནས་ཞུ་བཞིན་པ་ཞིག་ལ། ངའི་བསམ་ཚུལའདི་དེ་ལྟ་བུའི་བྱ་བའི་ཁོངས་སུ་མི་གཏོང་བར་མཁྱེན། ངའི་སེམས་ནང་གི་བསུབ་ཐབས་མེད་པའི་ལྟ་ཚུལ་དེ་ནི།    ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ཆིག་སྒྲིལ་བྱས་ནས་ནུས་པ་འདོན་དགོས་པ་ལས་དབྱེ་འབྱེད་བྱེད་པ་ནི་ང་ཚོའི་ནུས་པ་གཏོར་བཤིག་བྱེད་པ་ཞིག་ཡིན་པ་དེ་ཡིན།    དྲང་པོར་བཤད་ནས་ངས་བསམ་ཚུལ་འདི་འབྲི་རྒྱུའི་དགོས་པ་དེ་ཡང་དབྱེ་འབྱེད་ཀྱིས་ང་ཚོའི་མ་འོང་རྩ་དོན་ཆུ་ལ་འཕེན་རྒྱུའི་ཉེན་ཁ་བཟོ་གི་འདུག་བསམ་ནས་འབྲི་དགོས་བྱུང་བ་ཞིག་ཡིན།

ཡང་འགའ་ཤས་ཀྱིས་གལ་ཏེ་མི་གསར་པ་ཞིག་རྡ་རམ་ས་ལར་བཀའ་བློན་བྱེད་པར་ཕྱིན་ན་འོག་གི་ལས་བྱེད་ཚོས་ཉན་འཇོག་བྱེད་ཀྱི་མ་རེད་ཟེར་གྱི་འདུག    དེ་བདེན་པ་ཞིག་ཡིན་གྱི་རེད་བསམ་གྱི་མེད།    བོད་སྤྱིའི་ལས་དོན་བྱེད་མཁན་རྣམས་ཀྱིས་དེ་ལྟ་བུའི་རིན་ཐང་མེད་པའི་བསམ་པ་ཆུང་ཙག་གིས་སྤྱིའི་ལས་དོན་ལ་འཐུས་ཤོར་གཏོང་འཇུག་སྲིད་ཀྱི་མ་རེད།    ང་ཚོ་བཙན་བྱོལ་བའི་སྤྱི་ཚོགས་ཆུང་ཆུང་འདི་ལ་ལས་འགན་ཆེན་པོ་ཇི་འདྲ་ཞིག་ཡོད་པ་ཤེས་བཞིན་པ་དང་།    བོད་ནང་གི་བོད་མི་ཚོས་ང་ཚོའི་མིག་གི་མདུན་དུ་རང་གི་ཚེ་སྲོག་ཀྱང་བློས་གཏོང་ནས་ལས་དོན་ག་ཚོད་བྱེད་ཀྱི་ཡོད་པ་དེ་མཐོང་བཞིན་པའི་དུས་སུ་ང་ཚོས་སུ་འཇོན་གང་འཇོན་དང་དུས་ལ་ལྟས་ནས་ལས་ཀ་བྱེད་དགོས་པ་ལས་ང་རྒེན་ང་མཐོ་གི་བསམ་བློའི་འོག་ནས་སྤྱི་དོན་འཐུད་ཤོར་གཏོང་བ་དེ་འདྲ་ཞིག་ཡོད་སྲིད་ཀྱི་མ་རེད་སྙམ།

ད་ཆའི་པེ་ཅིང་སྲིད་གཞུང་གི་མགོ་ཁྲིད་ཚོས་༧གོང་ས་མཆོག    ཞེ་ས་མ་ཞུས་ན།    འཆི་སྒུག་བྱེད་ནས་སྡོད་ཀྱི་ཡོད་རེད་ཅེས་མི་མང་པོས་ངོས་འཛིན་བྱེད་བཞིན་པའི་དུས་འདིར།    ང་ཚོས་ཀྱང་ཚུར་ཙམ་འདིར་དེ་དང་ཆ་འདྲ་བའི་ཉི་མ་གང་འཁྱོལ་བྱེད་ཐབས་མེད། དེ་ལས་ང་ཚོས་དེ་འོས་ཀྱིས་བོད་ཀྱི་རྩ་དོན་དང་འཐབ་རྩོད་འདི་མུ་མཐུད་ནས་མི་རབས་གསར་པས་བརྒྱུད་འཛིན་བྱེད་རྒྱུ་ཡིན་པ་མི་ཚོས་མཐོང་ཐུབ་པ་བྱེད་རྒྱུ་དེ་གལ་ཆེན་ཡིན།    ངས་བལྟས་ན་འདི་ནི་གངས་ཅན་སྐྱིད་གཤོང་གི་ལས་ཁུངས་ཞིག་འཛིན་སྐྱོང་བྱེད་རྒྱུའི་ཉམས་མྱོང་ཡོད་མེད་ལས་ཀྱང་གལ་ཆེ་བའི་རྩ་དོན་ཞིག་ལ་ཐུག་ཡོད་བསམ།
ཡང་འདིར་བརྗོད་དགོས་པ་གཞན་ཞིག་ལ་མི་འགའ་ཤས་ཀྱིས་བཀའ་བློན་ཁྲི་པའི་དབང་ཆ་འམ་གདན་ཁྲི་འདི་དེ་སྔོན་ནས་བྱས་རྗེས་བཞག་པའི་མི་ལ་གཟིངས་རྟགས་སྤྲོད་རྒྱུ་ལྟ་བུ་ཞིག་ཡིན་པའི་ལྟ་ཚུལ་འཛིན་གྱི་འདུག་སྙམ།    དེ་ནི་ནོར་བ་ཞིག་རེད། དེ་ལྟར་བྱེད་རྒྱུ་ཞིག་ཡིན་ན།    སྤྱི་ལོ་༡༩༥༩འི་རྗེས་སུ་བཙན་བྱོལ་བོད་གཞུང་ནང་༧གོང་ས་མཆོག་དང་བོད་གཞུང་ལ་ཞབས་ཕྱིའི་ལས་དོན་རླབས་ཆེན་གནང་མཁན་ནང་ནས་འབུར་དུ་ཐོན་པའི་རྒྱུ་རྩལ་ཅན་གྱི་རྒྱལ་དོན་འབྲེལ་ལམ་པ་རྒྱ་ལོ་དོན་འགྲུབ་ལགས་དང་རྒྱ་རི་རིན་པོ་ཆེ་རྣམ་གཉིས་ཀྱིས་ཀྱང་འདིར་བརྩོད་ལེན་བྱེད་དགོས་རྒྱུ་རེད་དེ་ཁོང་རྣམ་གཉིས་ཀྱིས་འདི་ལ་བརྩོད་ལེན་བྱེད་ཀྱི་འདུག་གམ། དེ་ནི་ཟུར་དུ་ཞུས་པ་ཞིག་ཡིན།

གལ་ཏེ་ཐེངས་འདིའི་བཀའ་བློན་ཁྲི་པའི་འོས་མི་རྣམས་ཚང་མ་ཤེས་ཡོན་ཅན་མི་རབ་གསར་པ་ཤ་སྟག་ཡིན་ན། ངས་བློ་བཟང་སེངྒེ་ཡིས་འོས་བསྡུའི་ལས་འགུལ་གྱི་དུས་ཡུན་ནང་སྟོན་པའི་སྒྱུ་རྩལ་དང་འཇོན་ཐང་། དེ་བཞིན་བོད་མིའི་སྤྱི་ཚོགས་ནང་འོས་བསྡུ་འདིར་སྔར་མེད་པའི་འཁྲུག་ཆ་དོད་དུ་བཏང་ཐུབ་པའི་ནུས་པ་སོགས་ལ་བལྟས་ནས་ཁོང་ལ་རང་གི་འོས་ཤོག་དེ་བླུག་སྲིད་ཀྱང་། ངས་རང་གི་མཚན་མོའི་གཉིད་ཐེབ་འདི་བཅག་ནས་བསམ་ཚུལ་འདི་མི་འབྲི། སྤྱིར་བཏང་ནས་ང་མི་ཉམ་ཆུང་ཞིག་གིས་སྐད་ཆུང་ཞིག་འདོན་པ་འདིས་ཁྱད་པར་ཞིག་བཟོ་ཐུབ་རྒྱུ་ཡིན་པའི་སྟོང་སེམས་ང་ལ་མེད་དེ། ད་བར་༧གོང་ས་མཆོག་གི་བཀའ་སློབ་སྙིང་དབུས་སུ་བཞག་ནས།    ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་གྱི་ཡོལ་བའི་ནང་བསམ་བློའི་གོམ་པ་སྤོ་མ་མྱོང་བ་དང་།    རང་ལ་ནུས་པ་མེད་ཀྱང་བོད་སྤྱིའི་རྩ་དོན་འདི་རང་གི་སྒེར་དོན་ལས་གལ་ཆེ་བ་ཞིག་རེད་བསམ་ཁུལ་བྱེད་མཁན་ཞིག་ཡིན་པར་བརྟེན་ནས་བསམ་ཚུལ་འདི་འབྲི་ཤོར་ཐལ།   
དེར་རྟེན།    འདི་ནི་ངའི་ལྷག་བསམ་གྱི་མཁའ་ནས་འཁྲུངས་པའི་སྙིང་གཏམ་གྱི་ཟླ་བ་དཀར་པོ་ཞིག་ཡིན་པས།    ཁྱེད་ཀྱིས་འདི་ལོག་རྟོག་གི་གཟའ་ཡིས་སྒྲིབ་མ་བཅུག་པར་ཉིད་ཀྱི་སེམས་ནང་གི་བོད་མིའི་ལ་རྒྱའི་གངས་རི་དེ་གཉིད་ལས་སློང་བར་འོད་མདངས་ཕྲན་བུ་ཞིག་འབྱིན་འཇུག་པའི་སྨོན་འདུན་ཞུ་བཞིན།    སྤྱི་ལོ་༢༠༡༡་ལོའི་ཟླ་བ་༢་ཚེས་༡༥་གྱི་མཚན་མོར་མྱུག་མིང་ཡེ་ཤེས་རྡོ་རྗེ་པས་བྲིས་པ་དགེའོ།

{jcomments on}