བློ་བཟང་སེང་གེའི་མ་འོངས་པའི་ལས་འཆར།
“ང་ལ་ལས་དོན་བསྒྲུབ་ཕྱོགས་ཀྱི་རྩ་དོན་གསུམ་ཡོད་པ་ནི། ཆིག་སྒྲིལ་དང་གསར་གཏོད། རང་མགོ་རང་ཐོན་བཅས་ཡིན་ཞིང། ཆིག་སྒྲིལ་གྱི་གཞི་རྩའི་རྨང་གཞིའི་ཐོག་གསར་གཏོད་ཀྱི་ཐབས་བྱུས་སྤེལ་བ་བརྒྱུད། མཐའ་མཇུག་གི་དམིགས་ཡུལ་རང་མགོ་རང་ཐོན་ཡོང་བར་འབད་བརྩོན་བྱས་ཏེ། བོད་ནང་རང་དབང་བསྐྱར་གསོའི་ལས་འགུལ་བརྩམ་རྒྱུ་ཡིན”ཞེས་འཁོད་འདུག
དེ་བཞིན་བོད་རྒྱའི་གནད་དོན་ཐད་ཐོག་མར་བོད་རྒྱ་ཞི་མོལ་ཚོགས་ཆུང་དང། དེ་བཞིན་ཚོགས་འདུ་གཞན་སྐོང་ཚོགས་བྱས་ཏེ། གཙོ་བོ་ད་ལྟའི་བོད་རྒྱའི་གནད་དོན་དང་འབྲེལ་བའི་སྲིད་བྱུས་ཀྱི་ལས་རིམ་ཁག་དང་། ༢༠༠༨ ལོའི་བོད་མིའི་ཞི་རྒོལ་དང་དེའི་མཇུག་འབྲས་ལ་རྟོགས་ཞིབ་བྱ་རྒྱུ་ཡིན”ཞེས་དང་། “མ་འོངས་པར་བོད་ནང་སྔར་བཞིན་ངོ་རྒོལ་ལས་འགུལ་རིགས་བྱུང་སྐབས། ང་ཚོའི་ངོས་ནས་ལས་དོན་སྤེལ་ཕྱོགས་ཐད་ལེགས་བཅོས་གྲ་སྒྲིག་དགོས་པའི་རིགས་གོང་གསལ་གྱི་ཚོགས་འདུ་ཁག་གི་ནང་གྲོས་བསྡུར་གཟབ་ནན་གྱིས་གྲ་སྒྲིག་དགོས་སྐོར་སོགས་འཁོད་འདུག
བོད་རྒྱའི་གནད་དོན་གྱི་ལངས་ཕྱོགས་ཐད། བཀའ་ཁྲིར་སུ་ཕེབས་ནའང་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་ལེའུ་ ༤ པ་དང་ ༥ པའི་དགོངས་དོན་ལྟར། སྤྱིའི་ཆ་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་གང་ཡང་གཏོང་ཐབས་མེད་པ་ཞིག་ཡིན། དབུ་མའི་ལམ་གྱི་གནད་དོན་ཐོག་བཙན་བྱོལ་བོད་མིའི་གྲོས་ཚོགས་ནང་གཏན་འབེབས་གནང་བའི་གྲོས་ཆོད་ཁག་དང་། ༸གོང་ས་མཆོག་གི་དགོངས་གཞི་ལ་བརྩི་སྲུང་མཐའ་འཁྱོལ་བྱ་རྒྱུ་ཡིན་སྐོར་ཞིབ་ཕྲ་འཁོད་འདུག
ཤེས་ཡོན་སྲིད་བྱུས་སྐོར་གྱི་ལས་འཆར་ནང་། ད་ལྟའི་བཀའ་ཤག་གིས་གཏན་འབེབས་གནང་བའི་ཤེས་ཡོན་སྲིད་བྱུས་དེ། སློབ་གྲྭ་ཁག་གཞན་ལའང་ལག་བསྟར་ཐུབ་པར་འབད་བརྩོན་བྱ་རྒྱུ་ཡིན། བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་སྲིད་བྱུས་ཐོག་ད་ལྟའང་བགྲོ་གླེང་མང་པོ་ཞིག་བྱེད་ཀྱི་ཡོད་པའི་རྐྱེན་གྱིས། སྟབས་མི་བདེ་བའི་གནས་སྟངས་བྱུང་ཡོད་པར་མ་ཟད། ཕ་མ་དང་སློབ་ཕྲུག་ཚོའང་ཐེ་ཚོམ་གྱི་གནས་སུ་ལྷུང་བའི་གནས་ཚུལ་དེ་ངས་གསལ་པོ་ཤེས་ཀྱི་ཡོད། ཤེས་ཡོན་སྲིད་བྱུས་ལག་བསྟར་འཐུས་ཚང་མ་བྱུང་བའི་སྐྱོན་གནད་དེར་བལྟས་ཏེ། ཤེས་ཡོན་ཐོག་རྐང་འགན་བཞེས་མཁན་ཚང་མས་མཉམ་རུབ་ཀྱིས་སེལ་ཐབས་བྱ་དགོས་ཤིང་། ངས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་ཐད་བསྐྱར་ཞིབ་དང་བལྟ་ཞིབ་གཟབ་ནན་བྱ་རྒྱུ་ཙམ་དུ་མ་ཟད། ད་ལྟའི་ཤེས་ཡོན་སྲིད་བྱུས་དེ་དངོས་སུ་དོན་ཕན་ལྡན་པ་ཞིག་ཡོང་ཆེད་ལས་དོན་འཕར་མའང་བརྩམ་རྒྱུ་ཡིན། བོད་ཕྲུག་ན་གཞོན་ཚོ་བོད་ཀྱི་རིག་གཞུང་དང་སྐད་ཡིག་གི་རྨང་གཞི་བཟང་པོའི་སྟེང་འཚར་ལོངས་བྱ་ཐུབ་ཆེད། སློབ་གྲྭའི་ཤེས་ཡོན་སྒྲོམ་གཞིའི་ནང་བོད་ཀྱི་སྲོལ་རྒྱུན་རིན་ཐང་དང་། རིག་གཞུང་ཡང་ཟླ་སྒྲིལ་བྱས་པའི་ཤེས་ཡོན་ལམ་ལུགས་ཤིག་བསྐྲུན་རྒྱུར་གལ་ཆེན་ཆགས་ཡོད་ཅེས་དང་། ཡང་རིགས་གཅིག་རྐང་འཛིན་གྱི་སློབ་མ་གསོ་སྐྱོང་བྱ་ཕྱོགས་དང་། སློབ་མ་ཚོར་ཚན་རིག་དང་ཨང་རྩིས་ཀྱི་ཤེས་ཚད་མཐོར་འདེགས་གཏོང་ཐབས་སོགས་ཀྱང་འཁོད་འདུག
དཔལ་འབྱོར་སྲིད་ཇུས་ཀྱི་སྐོར་དང་གཞིས་ཆགས་སྲ་བརྟན་གྱི་སྐོར་ཡང་ཞིབ་ཕྲ་འཁོད་འདུག་མོད། ཉེ་བའི་ཆར་བང་ཆེན་ཚགས་ཤོག་ཐོག་བཅར་འདྲིའི་སྐབས་གང་འཚམས་བཀོད་པ་དེ་གཅིག་མཚུངས་རེད། བོད་གཞུང་གི་འཛིན་སྐྱོང་དང་ལས་བྱེད་ཚོའི་མཐུན་རྐྱེན་བཟང་དུ་གཏོང་ཕྱོགས་དང་། གཙོ་བོ་སློབ་སྦྱོང་དང་འབྲེལ་བའི་ལས་དོན་གོ་སྒྲིག་བྱེད་ཕྱོགས་སོགས་ཁ་གསལ་འཁོད་ཡོད་པ་རེད།
ཞིབ་ཕྲ་མ་འོངས་པའི་ལས་འཆར་ཞེས་པའི་དེབ་དེར་གཟིགས།
{jcomments on}