ཨ་མདོ་ཐེ་བོ་ནས་ཞི་རྒོལ་བ་བྲོས་བྱོལ་ལ་འབྱོར་བ།

དེ་ནི་ལོ་ན་ ༢༢ ཙམ་ཡིན་པའི་་དགེ་འདུན་པ་པདྨ་རྡོ་རྗེ་ཡིན་པ་དང་། ཁོས་བརྗོད་དོན་༢༠༠༨ ལོར་བོད་ཀྱི་ས་ཁུལ་སྤྱི་མཚུངས་ལྟར་ཟླ་ ༣ པའི་ཚེས་ ༡༧ ཉིན་མདོ་སྨད་ཀན་ལྷོ་ཐེ་བོ་རྫོང་ཁོངས་སུ་ཡོད་པའི་ལྷ་བསོད་དགོན་པའི་དགེ་འདུན་པ་ཚོས་སྣེ་ཁྲིད་ས་གནས་བོད་མི་སོགས་མི་གྲངས་བརྒྱ་ཕྲག་བརྒལ་བས་བོད་ལ་རང་དབང་དགོས་པ་དང་། འགྲོ་བ་མིའི་ཐོབ་ཐང་དགོས་པ། གོང་ས་མཆོག་བོད་ལ་གདན་ཞུ་དགོས་བ་སོགས་ཀྱི་རྔམ་སྟོན་སྐད་འབོད་བྱེད་ཞོར་ཐེ་བོ་རྫོང་ལ་ཁ་ཕྱོགས་ཏེ། ཞི་བའི་ལས་འགུལ་སྤེལ་བར་བསྐྱོད་སྐབས་ལམ་བར་ནས་ས་གནས་རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་ཚན་པ་དང་། དྲག་ཆས་དམག་མི་ལྔ་བརྒྱ་ལྷག་ཙམ་ཡོང་ནས་བོད་མི་ཚོའི་ཐོག་དུག་རླངས་གཡུག་པ་སོགས་བྱས་ཏེ་ལམ་བར་ནས་བཀག་པ་རེད། དེ་མ་ཐག་རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་པ་དང་། དྲག་ཆས་དམག་གིས་ལྷ་བསོད་དགོན་པ་ཡོངས་སུ་མཐའ་སྐོར་ཏེ་རིམ་པས་ལས་འགུལ་ནང་ཞུགས་མཁན་དགེ་འདུན་པ་དང་། ས་གནས་བོད་མི་མང་ཆེ་བ་འཛིན་བཟུང་བྱས་ནས་དུས་ཡུན་འདྲ་མིན་ལ་ཐེ་བོ་རྫོང་ཐོག་དུ་བཀག་ཉར་བྱས་བའི་ཁོངས་སུ་ཁོང་ཡང་ཚུད་ནས། ཟླ་དགུ་ཙམ་གྱི་རིང་ཐེ་བོ་རྫོང་གི་བལྟ་སྲུང་ཁང་དུ་བཀག་གཉེར་འདྲི་རྩད་བྱས་བའི་རིང་གཅར་རྡུང་ཚབས་ཆེན་ཕོག་ཡོད་པ་དང་། རྗེས་སུ་ཁོང་དང་ཁོང་གི་རོགས་པ་ལྷ་མོ་ཀིརྟི་དགོན་པའི་དགེ་འདུན་པ་དཀོན་མཆོག་བསྟན་པ་གཉིས་ལས་འགུལ་སྣེ་ཁྲིད་པ་ཡིན་པའི་ཉེས་མིང་འོག་ཐེ་བོ་རྫོང་ས་གནས་ཁྲིམས་ཁང་གིས་མི་ལོ་གཉིས་ཀྱི་དུས་བཀག་བཙོན་འཇུག་དང་། ཆབ་སྲིད་ཁེ་དབང་ལོ་གཅིག་འཕྲོག་རྒྱུའི་ཁྲིམས་ཐག་བཅད་ཏེ། ཀན་སུའུ་ལན་ཀྲོའུ་གྲོང་ཁྱེར་གྱི་པེ་དབྱིན་ཞེས་པའི་བཙོན་ཁང་དུ་བཙོན་འཇུག་བྱས་འདུག། སྐབས་དེར་ཁོང་ཚོར་གྱོན་ཆས་བཟོ་ལས་བྱེད་པ་སོགས་ངལ་རྩོལ་བསྒྱུར་བཀོལ་བྱེད་དུ་བཅུག་རིང་གཅར་རྡུང་མི་ཉུང་བ་ཕོག་ཡོད་འདུག་ལ། སྐབས་དེར་པེ་དབྱིན་བཙོན་ཁང་ཞེས་པ་དེར་བོད་མི་བཙོན་པ་གྲངས་ ༢༠ ཙམ་ཡོད་པ་ཁོང་ཚོ་མང་ཆེ་མི་ལོ་ ༥ ནས་ ༡༥ བར་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་བོད་མི་ཆབ་སྲིད་བཙོན་པ་ཡིན་འདུག།

གོང་གི་བོད་མི་ཞི་རྒོལ་བ་པདྨ་རྡོ་རྗེ་ནི་བོད་མདོ་སྨད་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཐེ་བོ་རྫོང་ཡིད་དགའ་ཞང་བྲག་སྒམ་སྡེ་བ་ནས་ཡིན་པ་དང་། ༢༠༠༨ ལོའི་འཛིན་བཟུང་སྐབས་ཁོ་རང་ལོ་ན་ ༡༩ ཡིན་པ་རེད་འདུག།

ཐེ་བོ་རྫོང་ནི་བོད་ཀྱི་ཆེས་ཤར་མཐའི་མཚམས་སུ་གནས་ཡོད་ལ། ཐོག་མར་འདིར་གཞིས་ཆགས་པའི་བོད་མི་རྣམས་ནི་བོད་ཀྱི་བཙན་པོའི་སྐབས་སུ་རྒྱ་བོད་ཀྱི་ས་མཚམས་སྲུང་བར་མངགས་པའི་བོད་དམག་ཡིན། བོད་ཁུལ་ཡོངས་རྒྱ་ནག་གི་མངའ་ཁོངས་སུ་༡༩༥༡ལོར་མ་བསྡུས་གོང་། ཡུལ་འདི་ཅོ་ནེ་དཔོན་པོ་དང་བཞག་སྡོམ་དཔོན་པོ། གཟའ་རུའི་དཔོན་པོ་བཅས་ཀྱི་མངའ་འོག་ཏུ་བསྡད་ཡོད། དེང་སང་ཐེ་བོའི་ཆ་ཤས་ཆེ་ཤོས་ཀན་སུའུ་ཞིང་ཆེན་གྱི་འོག་ཏུ་བཙུགས་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་འོག་ཏུ་བཅུག་སྟེ་རྫོང་ཞིག་ཏུ་བསྒྱུར་ཡོད་ལ། ད་ཆ་བོད་རིགས་མི་འབོར་༦༠༠༠༠ ལྷག་ཡོད་འདུག།།