ཆུ་སྒང་འགན་འཛིན་ལྷན་ཚོགས།
ཉིན་དང་པོར་ཆུ་སྒང་དབུས་རྒྱུན་ལས་ཁང་གི་འགན་འཛིན་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་ཀྱིས་འགན་འཛིན་ལྷན་ཚོགས་ཐེངས་༤༡ འཚོགས་དགོས་པའི་དམིགས་ཡུལ་དང་། ཚོགས་བཅར་བ་ཚོས་འགན་འཁུར་ལེན་སྟངས་སོགས་ཀྱི་ཐོག་གསུང་བཤད་གནང་བ་དང་། ལྷན་ཚོགས་འདིའི་གྲོས་གཞི་གྲོས་འཆར་ཁག་ལ་བཀའ་བསྡུར་བྱས་ཡོད་པ་རེད།
དབུས་ཆུ་སྒང་རྒྱུན་ལས་ཁང་གིས་འགན་འཛིན་ལྷན་ཚོགས་འདིའི་ཐོག་གྲོས་གཞི་གྲོས་འཆར་ཁག་༡༢ བཏོན་པའི་ནང་ནས། དང་པོ། ༧གོང་ས་མཆོག་གི་སྐུ་ཕྱྭའི་སྐོར་དང་། གཉིས་པ། ཤེས་ཡོན་ཡར་རྒྱས་གཏོང་ཐབས། གསུམ་པ། བྱང་ཨ་རི་སོགས་ནས་ཚོགས་བཅར་བ་ཡོང་ཐབས་དང་དེ་དག་གི་འགྲོ་གྲོན་གྱི་སྐོར། བཞི་པ། མི་འབོར་གོང་འཕེལ་གྱི་ཐབས་ལམ་འཚོལ་ཐབས། ལྔ་པ། གཞིས་བཞུགས་བོད་མི་ནང་ཁུལ་གྱི་རྩྭ་ས་ཆུ་རྩོད་སོགས་འགོག་རྐྱེན་གནང་ཕྱོགས་ཇི་དགེ། དྲུག་པ། ཆུ་སྒང་གི་སྒྲིག་འཛུགས་ཡར་རྒྱས་ཆེད་དབུས་ས་གཉིས་ནས་གསར་སྐྲུན་གནང་ཕྱོགས། བདུན་པ། ལོ་འདི་དང་རྗེས་མ་གཉིས་ཀྱི་སྔོན་རྩིས་གཏན་འབེབས་གནང་ཕྱོགས། བརྒྱད་པ། དབུས་ས་གཉིས་ཀས་ལས་བསྡོམས་སྙན་སྒྲོན་ཞུ་རྒྱུ། དགུ་པ། རྩིས་ཞིབ་སྙན་གྲོན་ཞུ་རྒྱུ་དང་དབུས་རྒྱུན་གྱིས་ལན་འདེབས་ཞུ་རྒྱུ། བཅུ་པ། སྐབས་༡༥ མདོ་སྟོད་སྤྱི་འཐུས་ཀྱི་འོས་མི་ཉི་ཤུ་ཡོད་པའི་ནང་ནས། དེ་དག་གི་ཁོངས་ནས་འོས་མི་གང་དག་ཚུལ་ཇི་ལྟར་མདོ་སྟོད་སྤྱི་འཐུས་ཀྱི་འོས་གཞིའི་ནང་གཏོང་ཐབས་ཀྱི་ཐག་གཅོད་དང་ལམ་སྟོན་གནང་ཐབས། བཅུ་གཅིག།གྲོས་གཞི་འཕར་མ་སོགས་ཀྱི་ཐོག་གྲོས་བསྡུར་དང་གྲོས་ཆོད་བཞག་ཡོད་པ་རེད།
བགྲོ་གླེང་སྐབས་ཆུ་སྒང་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལ་ཐེ་ཝན་བོད་སོག་ལས་ཁུངས་ནས་མགྲོན་ཤོག་འབྱོར་ཡོད་པའི་སྐོར་གླེང་སློང་བྱེད་བཞིན་པ་དེ་བདེན་པ་ཡིན་མིན་དང། ཧིན་སྒོར་འབུམ་༣ ཚོགས་གཞོན་སྨར་ཁམས་ཆོས་འཕེལ་བརྒྱུད་ནས་འབྱོར་བ་དེའི་ཡོང་ཁུངས་གང་ཡིན་མིན་སོགས་ཆུ་སྒང་ཚོགས་གཞོན་ཟུར་པ་སྡེ་དགེ་འཆི་མེད་རྡོ་རྗེས་དོགས་སློང་བྱས་ནས་ཉིན་འདིར་དེའི་སྐོར་ཡང་གླེང་སློང་གང་མང་བྱས་སོང་། ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་གྱིས་མགྲོན་ཤོག་དེ་བོད་སོག་ལས་ཁུངས་ཀྱི་མིན་པ་དང། དངུལ་འབུམ་གསུམ་དེ་ཡང་ཡོང་ཁུངས་གཙང་མ་ཡིན་སྐོར་བཅས་ཀྱང་གསལ་བཤད་བྱས་ཡོད་པ་རེད།།
གསར་འགོད་པས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས།
{jcomments on}