དབུས་གཙང་སྤྱི་འཐུས་འོས་མི་འཇམ་དབྱངས་རྡོ་རྗེར་བཅར་འདྲི།

དྲི་བ། ༡ སྐུ་ཉིད་སྤྱི་འཐུས་ཀྱི་འོས་མིར་ལངས་དགོས་པའི་རྒྱུ་མཚན་གསུང་རོགས།

ལན། ༡ སྤྱིར་བཏང་སློབ་མཐར་ཕྱིན་པ་ནས་བཟུང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་སོགས་པའི་སྤྱི་ཚོགས་བདེ་དོན་ཆེད་དུ་སོ་སོ་སྡོད་སའི་ས་གནས་འབྲས་ལྗོངས་དང། དེ་རྗེས་བོད་གཞུང་གི་གཞུང་ཞབས་ལོ་༡༢ ཙམ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་རྒྱུན་ལས་བཅས་སུ་ལས་དོན་སྣེ་མང་ཐོག་ལ་ཞབས་འདེགས་ནུས་པ་ཐོན་པ་ཞུས་ཡོད། ད་ལྟའང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་དྲ་གནས་ཀྱི་ཚོགས་གཙོའི་ལས་འགན་ཞབས་ཕྱི་ཞུ་བཞིན་པ་ཡིན།  འོན་ཀྱང་བོད་ཀྱི་རྩ་དོན་དང་ལྷག་པར་དུ་བཙན་བྱོལ་དུ་གནས་པའི་བོད་མི་ཚོའི་བདེ་སྡུག་དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་ཁག་ཅིག་དང་བོད་ནང་གི་གནས་ཚུལ་འགྱུར་བར་ང་ཚོ་རང་དབང་ལུང་པའི་ནང་སྡོད་མཁན་ཚོས་ཉམས་ཞིབ་བྱས་ཏེ། ལས་དོན་བྱེད་རྒྱུ་ལ་སོགས་པའི་ཆེད་དུ། ང་ཚོས་ཕྱི་ལོགས་ནས་ག་ཚོད་བཤད་ཀྱང་དེ་ཙམ་ནུས་པ་མེད་པ་དང། བཤད་ས་ངོ་མ་དེ་གྲོས་ཚོགས་ནང་ཡིན་པར་ངོས་འཛིན་གྱིས་སྤྱི་འཐུས་སུ་ལངས་པ་ཡིན།

དྲི་བ། ༢ སྐུ་ཉིད་ལ་འོས་ཐོབ་ན་ལས་དོན་གཙོ་བོ་གང་ལ་ཤུགས་སྣོན་རྒྱག་རྩིས་ཡོད་དམ།

ལན། ༢ བཙན་བྱོལ་གྲོས་ཚོགས་ནི་ཁྲིམས་བཟོ་ལྷན་ཚོགས་ཡིན་གསུང་གི་ཡོད་རེད། ད་ལྟ་བར་དུ་སྐབས་༡༤ རིང་བཙན་བྱོལ་གནས་སྟངས་ལ་དཔག་པའི་ཁྲིམས་དང་སྒྲིག་གཞི་མང་དག་གཏན་འབེབས་ཐུབ་ཡོད། ད་ཆ་ཤུགས་རྒྱག་དགོས་ས་དེ་གྲོས་ཚོགས་འཐུས་མིའི་མིང་ཆེན་པོ་ཁྱེར་ནས་མ་བསྡད་པར། ༸གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་དེ་བློ་གཉིས་ཐེ་ཚོམ་མེད་པར་རང་གི་དབུ་ཁྲིད་ལ་ཡིད་ཆེས་ཞུས་ཏེ་ཤར་བསྐྱོད་ཞུ་རྒྱུ་དང། དེས་གཞུང་དང་མི་མང་ཐག་ཉེ་རུ་གཏོང་རྒྱུའི་ཐབས་ལམ་ཇི་ཡོད་འཚོལ་རྒྱུ་དང་བཙན་བྱོལ་གཞུང་དེ་སྲ་བརྟན་བཟོ་རྒྱུ་དེ་ཡིན།   ལྷག་པར་དུ་ཉེ་ཆར་༸རྒྱལ་བ་ཀརྨ་པར་རྒྱ་གར་གསར་འགོད་པས་མཚན་རྨད་ཞུས་པ་དེ་མ་འོངས་པར་བཙན་བྱོལ་བོད་མིའི་གནས་སྟངས་ལ་དཀའ་ངལ་ཇི་འཕྲད་རོབ་ཙམ་དཔག་ཐུབ་པ་བྱུང་ཡོད་པས།   རང་ཉིད་རྒྱ་གར་གཞུང་གི་སྲི་ཞུ་བ་མཐོ་གྲས་ཀྱི་ལས་འགན་ཞུས་པའི་ཉམས་མྱོང་དེས་སྤྱི་ཚོགས་ཐོག་གྲོས་ཚོགས་བརྒྱུད་ཐུགས་ཕན་སོས་པའི་དགོངས་འཆར་འབུལ་ཐུབ་ཀྱི་རེད་བསམ་གྱི་འདུག

དྲི་བ། ༣ སྐུ་ཉིད་ཀྱིས་འདས་པའི་གྲོས་ཚོགས་ནང་མ་འགྲིག་ས་གཙོ་བོ་དང་འཐུས་ཤོར་ཕྱིན་པ་གཙོ་བོ་ག་རེ་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ། དེའི་ཐོག་དགོངས་ཚུལ་ག་རེ་ཡོད།

ལན། ༣ གྲོས་ཚོགས་ནི་རྒྱ་ཆེའི་མི་མང་གི་བློ་དང་མཐུན་པའི་བསམ་ཚུལ་གྱི་སྲིད་བྱུས་གཏན་འབེབས་བྱས་ཏེ་འཛིན་སྐྱོང་བཀའ་ཤག་དང་དེའི་དབུ་འཛིན་བཀའ་བློན་ཁྲི་པས་ཕྱག་ལེན་གནང་རྒྱུ་དེ་རེད།   འདས་པའི་གྲོས་ཚོགས་ཀྱིས་བཀའ་བློན་ཁྲི་པའི་སྲིད་བྱུས་འཆར་གཞི་ཁག་ཅིག་ལ་དགོས་ངེས་ཀྱི་བགྲོ་གླེང་མ་གནང་བ་དང་ཡང་ན་འགན་མ་བླངས་པ་ཁག་ཅིག་བྱུང་སོང་བསམ། དཔེར་ན་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་སྡེ་ཚན་ཁག་ཁུ་བསྡུ་གནང་རྒྱུ་དེ་མི་མང་གི་བསམ་ཚུལ་ཡིན་ནམ། དེ་མིན་ན་དེས་སྤྱི་ཚོགས་ནང་ཕན་གནོད་གཞི་རྒྱ་ཆེ་ཆུང་ག་ཚོད་བྱུང་མིན་ལ་ཉམས་ཞིབ་མཐར་ཕྱིན་པ་མ་གནང་བར། ལམ་སེང་བཀའ་བློན་འཁྲི་པའི་འཆར་གཞིར་མོས་མཐུན་གཏན་འབེབས་གནང་བ་དང། ལག་ལྟར་དངོས་སུ་གནང་བའི་སྐབས། མི་མང་ནས་བསམ་འཆར་བྱུང་མཚམས་ལ་རང་གིས་འགན་མ་ཁྱེར་བར་བཀའ་བློན་ཁྲི་པ་ལ་ལག་པ་ཕྱིས་པ་སོགས་གནང་བ་དེ་ཚོ་ནི་འཐུས་ཤོར་ཆེན་པོ་རེད་བསམ་གྱི་འདུག།དེ་འདྲ་བའི་འདས་པའི་གནས་ཚུལ་སྤྱི་ཚོགས་ནང་གླེང་སློང་ཡོད་པ་རྣམས་གཞན་ལ་སྐྱོན་འཛུགས་མེད་པའི་ཐོག་རང་ཉིད་ནས་སློབ་གསོ་བླངས་ཏེ་གཟབ་གཟབ་བྱེད་དགོས་བསམ་གྱི་འདུག

དྲི་བ། ༤ གལ་སྲིད་༸གོང་ས་མཆོག་གིས་བོད་ཀྱི་སྲིད་ཀྱི་ཐུགས་འགན་མ་བཞེས་ཚེ་བཅའ་ཁྲིམས་ལ་བསྒྱུར་བཅོས་གང་དགོས་དང། ད་ལྟའི་བཅའ་ཁྲིམས་ནང་གི་སྡེ་སྲིད་ལྷན་ཚོགས་བསྐོ་སྟངས་ཐོག་དགོངས་ཚུལ་ག་རེ་ཡོད།

ལན། ༤. ༸གོང་ས་མཆོག་གིས་བོད་དོན་བདེན་མཐའ་མ་གསལ་བར་དུ་བློས་བཏང་མི་ཡོང་ཞེས་ཉེ་འཆར་བསྐྱར་དུ་གསུངས་སོང་བས། ཁོང་ཉིད་བོད་མི་ས་ཡ་དྲུག་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་པས། རྒྱལ་རབས་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཆོས་ལུགས་དང་ཆོལ་ཁའི་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱི་རྣམ་པ་དེ་ད་ཆ་མཐོང་ཐུབ་པ་བྱུང་ཡོད། ང་རང་ཚོ་མིའི་ལུང་པ་གཞི་རྟེན་མེད་ས་ཞིག་ཏུ་སླེབས་ཀྱང་ཁོང་ཉིད་ཀྱི་ཐུགས་རྗེས་མཆོད་རྟེན་མགོ་མཇུག་ལོག་ཀྱང་བང་རིམ་སྐེད་པར་གནས་ཟེར་བའི་དཔེ་ལྟར། མགོ་བཀྱག་ཏེ་ཡུལ་མི་ལས་ཐབས་སྐྱོ་བ་མེད་པ་ཞིག་ཏུ་གནས་ཐུབ་པ་བྱུང་ཡོད་ལ། ད་དུང་ཡིན་ཡང་མགོན་པོ་གང་ཉིད་ཀྱི་ལམ་སྟོན་འོག བོད་དོན་བདེན་མཐའ་གསལ་ཐུབ་ཀྱི་རེད་བསམ་པའི་ཡིད་ཆེས་བརྟན་པོ་བྱེད་མཁན་ཞིག་ཡིན་པས། གལ་སྲིད་ཐུགས་འགན་མ་བཞེས་ན་ཟེར་བའི་དྲི་བའི་ལན་ལ་བསམ་བློ་གཏོང་ཐུབ་ཀྱི་མི་འདུག།

དྲི་བ། ༥ ད་ཡོད་ཀྱི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་སྒྲིག་འཛུགས་ཀྱི་འགྲོ་སྟངས་དེ་མ་འགྲིག་པ་དང་འགྱུར་བ་གཏོང་དགོས་པ་དེ་འདྲ་གཟིགས་ཀྱི་ཡོད་དམ།

ལན། ༥ རྩ་བའི་བཙན་བྱོལ་གཞུང་གི་གྲོས་ཚོགས་གི་དམིགས་ཡུལ་དེ་ཆོལ་ཁ་ཆོས་ལུགས་ཆ་ཚང་བའི་བོད་ཀྱི་གྲོས་ཚོགས་མཚོན་ཐུབ་པ་དང་དེ་མཚུངས་བཙན་བྱོལ་དུ་གནས་པའི་བོད་མིའི་བདེ་སྡུག་ལ་གཟིགས་ཐུབ་རྒྱུ་དེ་རེད། ད་ལྟའི་སྐབས་དམིགས་ཡུལ་དང་པོ་དེ་འགྲུབ་ཡོད་ཀྱང་དམིགས་ཡུལ་གཉིས་པ་དེ་བསམ་པ་ནང་བཞིན་བྱུང་ཨེ་ཡོད་སྙམ། བོད་མི་གནས་སྡོད་ས་ཁུལ་ཁག་ཁ་ཤས་ནས་འཐུས་མི་མེད་པ་དང་ཁ་ཤས་ནས་འཐུས་མི་མང་བ་དངོས་ཡོད་གནས་ཚུལ་རེད། གྲོས་ཚོགས་གོང་འོག་གི་དཔལ་འབྱོར་འཛོམས་མིན་མི་ཤེས་ཀྱང། ས་ཁུལ་ཚང་མ་ནས་འཐུས་མི་སླེབས་ཐུབ་པར་དགོངས་པ་བཞེས་རྒྱུ། གང་ལྟར་བོད་མི་རེ་རེར་སོ་སོའི་གཞུང་ཡོད་པའི་ཚོར་བ་སྤྲོད་རྒྱུ་གལ་ཆེ།།

{jcomments on}