མདོ་སྨད་སྤྱི་འཐུས་འོས་མི་སྒྲོལ་དཀར་སྐྱབས་ལ་བཅར་འདྲི།

དྲི་བ། ༡ སྐུ་ཉིད་སྤྱི་འཐུས་ཀྱི་འོས་མིར་ལངས་དགོས་པའི་རྒྱུ་མཚན་གསུང་རོགས།

ལན།༡ ང་ལ་མཚོན་ན་སྐབས་བཅུ་བཞི་པའི་སྤྱི་འཐུས་ལ་ལངས་དགོས་པའི་སྤོབས་པ་ཟེར་ན་འདྲ། འགན་འཁུར་རང་བཞིན་བསམ་བློ་དེ་གཞིས་བཞུགས་བོད་མིས་རང་ཉིད་ཀྱི་ཚེ་སྲོག་དང་ཁ་བརྗེ་དབང་ཐང་ཡོད་ཚད་བློས་བཏང་སྟེ། རྩ་དོན་ཆེད་འཐབ་རྩོད་བྱེད་བཞིན་ཡོད་པ་རེད་དེ། ང་ཚོའི་གྲོས་ཚོགས་ནང་བོད་མི་ས་ཡ་དྲུག་གི་རེ་བ་དང་བདེ་སྡུག་ལ་འགན་ཁུར་རྒྱུ་ལས་ལྡོག་སྟེ།  ཁོང་ཚོ་བློ་ཕམ་དང་ཡིད་ཆད་ཀྱི་ལས་ཤིག་བསྒྲུབས་སོང༌། དེར་བརྟེན། ང་རང་སྤྱི་འཐུས་ལ་ལངས་དགོས་པའི་བསྐུལ་མ་འདྲ་བོ་ཞིག་ཆགས་སོང༌།

༢ སྐུ་ཉིད་ལ་འོས་ཐོབ་ན་ལས་དོན་གཙོ་བོ་གང་ལ་ཤུགས་སྣོན་རྒྱག་རྩིས་ཡོད་དམ།

ལན།༢ གྲོས་ཚོགས་ར་བའི་ནང་དུ་རྩ་བའི་མི་གཅིག་གི་ལངས་ཕྱོགས་དང་གཙོ་གནད་ཀྱི་ལས་དོན་སྒྲུབ་ཐུབ་རྒྱུ་ཁག་པོ་རེད་དེ། ད་ལྟའི་འཆར་སྣང་ལ། བཙན་བྱོལ་སྤྱི་ཚོགས་ཀྱི་འཚོ་སྡོད་ཀྱི་གནད་དོན་གཙོས་པའི་གསར་འབྱོར་བའི་སྐྱབས་བཅོལ་ལག་ཁྱེར་དང་ས་ཁང་གི་ཐོབ་ཐང་སོགས་ཀྱི་ཐད་ཤུགས་བརྒྱབ་སྟེ། སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོ་བཟོ་རྒྱུ་དང༌། དེ་བཞིན་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པས། གཞིས་ལུས་བོད་མིའི་ནང་གཞུང་སྒེར་གཉིས་ཐད་ནས་འབྲེལ་འཛུགས་ཀྱིས་བོད་ནང་བྱུང་བའི་གནས་ཚུལ་རིགས་འབྲེལ་ཆགས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་བོད་དོན་དྲིལ་བསྒྲགས་ཀྱི་ནུས་སྟོབས་སྔར་ལྷག་སྤེལ་རྒྱུའི་ཕྱོགས་སུ་ཤུགས་རྒྱག་དགོས་རྒྱུ་གལ་ཆེ་བར་མཐོང༌།

༣ སྐུ་ཉིད་ཀྱིས་འདས་པའི་གྲོས་ཚོགས་ནང་མ་འགྲིག་ས་གཙོ་བོ་དང་འཐུས་ཤོར་ཕྱིན་པ་གཙོ་བོ་ག་རེ་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ། དེའི་ཐོག་དགོངས་ཚུལ་ག་རེ་ཡོད།

ལན།༣ བོད་མི་མང་སྐབས་བཅུ་བཞི་པའི་ཚོགས་དུས་བརྒྱད་པའི་ནང་བཙན་བྱོལ་བའི་འདས་པའི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་གླེང་རྙོག་ཟེར་ན་འདྲ། ནོར་འཛོལ་དང་འཐུས་ཤོར་ཆེན་པོ་ཞིག་བྱུང་བ་རེད། གཞི་རྩའི་ཆ་ནས་མང་གཙོའི་སྤྱི་ཚོགས་ཡིན་སྟབས། གྲོས་ཆོད་ཁྱེར་མཁན་དང་དེ་ལ་ངོ་རྒོལ་གནང་མཁན་གང་ཡིན་ཡང་མང་གཙོའི ཁྱད་ཆོས་ཤིག་ལས་གནད་དོན་ཛ་དྲག་ཅིག་ལ་མཐོང་གི་མེད། ཡིན་ན་ཡང༌།    ཚོགས་འདུ་མཇུག་བསྡོམས་མ་ཐུབ་པ་ཆགས་པ་འདིས་གཞིས་བྱེས་བོད་འབངས་ཀུན་ལ་བློ་ཕམ་སྐྱེ་བཅུག་ཡོད་པ་གསལ་པོ་རེད།  

༤ གལ་སྲིད་༸གོང་ས་མཆོག་གིས་བོད་ཀྱི་སྲིད་ཀྱི་ཐུགས་འགན་མ་བཞེས་ཚེ་བཅའ་ཁྲིམས་ལ་བསྒྱུར་བཅོས་གང་དགོས་དང། ད་ལྟའི་བཅའ་ཁྲིམས་ནང་གི་སྡེ་སྲིད་ལྷན་ཚོགས་བསྐོ་སྟངས་ཐོག་དགོངས་ཚུལ་ག་རེ་ཡོད།

ལན།༤ ྋསྐྱབས་མགོན་ཆེན་པོ་མཆོག་བགྲེས་ཡོལ་ལ་ཕེབས་པ་ཡིན་ཡང༌། བཅའ་ཁྲིམས་ནང་འཁོད་སྐུ་དབང་གཙོ་བོ་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་གཞུང་གི་འཛིན་སྐྱོང་གི་དབུ་ཁྲིད་ཡིན་པ་གཉིས་བོད་མི་མང་གི་རེ་བ་དང་མངོན་འདོད་གཞིར་བཟུང་ངེས་པར་འཇོག་དགོས་པར་མཐོང༌། ངའི་བསམ་ཚུལ་བྱས་ན། སྡེ་སྲིད་ལྷན་ཚོགས་བཅའ་ཁྲིམས་ནས་ཕྱིར་བསྡུ་དང་འབྲེལ་དེའི་དབང་ཚད་བཀའ་བློན་ཁྲི་པའི་སྐུ་དབང་ལ་འགྱུར་བ་གཏོང་ཐུབ་ན། འཛིན་སྐྱོང་གི་ཕྱག་ལས་གནང་རྒྱུ་སྟབས་བདེ་ཞིང༌། འཐེན་འཁྱེར་དང་རྙོག་གླེང་ཉུང་བའི་ཁྱད་ཆོས་སྣ་མང་ཡོད་ཁར། དུས་རབས་ཀྱི་འགྲོས་དང་མཐུན་ཞིང་བཙན་བྱོལ་བོད་མིའི་མང་གཙོའི་ཆབ་སྲིད་ལམ་ལུགས་ཁྲོད་ཡར་རྒྱས་ཀྱི་མཚོན་རྟགས་ཤིག་ཀྱང་རེད་སྙམ།

དྲི་བ། ༥ ད་ཡོད་ཀྱི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་སྒྲིག་འཛུགས་ཀྱི་འགྲོ་སྟངས་དེ་མ་འགྲིག་པ་དང་འགྱུར་བ་གཏོང་དགོས་པ་དེ་འདྲ་གཟིགས་ཀྱི་ཡོད་དམ།
ལན།༥    ང་ཚོའི་གྲོས་ཚོགས་འཐུས་མིས་སྐུ་ཚབ་མཚོན་ཚུལ་ཐད་དྲང་སྙོམས་མིན་པའི་གནས་སྟངས་ཡོད་བསྡད་པ་ཞིག་རེད། ཡིན་ན་ཡང༌། རྩ་དོན་འཐབ་རྩོད་ཀྱི་དགོས་དབང་གིས་མུ་མཐུད་གནད་དོན་དེ་མ་ལྷག་ཐབས་མེད་ཅིག་ལ་མཐོང་གི་འདུག  ཕྱོགས་གཞན་ཞིག་ནས། ྋགོང་ས་མཆོག་གི་བཀའ་དགོངས་བཞིན་ད་ལྟའི་གྲོས་ཚོགས་གཅིག་རྐྱང་གི་ལམ་ལུགས་ནས་གྲོས་ཚོགས་གོང་འོག་གི་ལམ་ལུགས་ལ་འགྲོ་དགོས་པ་ཧ་ཅང་གལ་ཆེ། དེ་ནི་མང་གཙོའི་འཕེལ་རིམ་གཅིག་པུ་མིན་པར་གྲོས་ཚོགས་ནང་གྲོས་གཞི་དང་ཁྲིམས་འཆར་ཞིག་བཏོན་པ་ཡིན་ན། གྲོས་ཚོགས་གཉིས་ཀས་མོས་མཐུན་དགོས་སྟབས། རྩ་དོན་སྒྲུབ་ཕྱོགས་ལ་ཕན་རླབས་ཆེན་པོ་ཐོན་ཐུབ་ངེས།།