གནའ་དེང་གི་ཤེས་ཡོན་གྱིས་ཕྱུག་པ་བཟོ་རྒྱུ་ངའི་དམིགས་ཡུལ་ཡིན།
བགྲོ་གླེང་ཐོག་གཏམ་བཤད་གནང་མཁན་ཐོག་མ་དབུས་གཙང་སྤྱི་འཐུས་དང་བླངས་པ་ཕུན་རབ་ཆོས་བཟང་གིས་གཏམ་བཤད་གནང་དོན། ༧གོང་ས་མཆོག་སྐུ་ན་མཐོ་རུ་འགྲོ་ཡི་ཡོད་པ་དང་མཛད་བཀའ་ཆེ་རུ་འགྲོ་ཡི་ཡོད་པ་རེད། བོད་ཀྱི་གནས་སྟངས་ཆགས་དང་འཇིག་གི་ས་མཚམས་སུ་སླེབས་ཡོད་པ་རེད། དེ་འདྲ་ཡིན་སྟབས། ༧གོང་ས་མཆོག་སྐུ་ངལ་ཆེ་བའི་སྐབས་འདིར་ད་ལྟ་བར་དུ་ཞབས་ཕྱི་ཧུར་ཐག་བྱས་ནས་ཞུས་པ་ཡིན། ད་དུང་ཡིན་ན་ཡང་ཚེ་ལྷག་འདིར་༧གོང་ས་མཆོག་གི་དབུ་འོག་དཔུང་འདེགས་ཆེད་དུ་ང་དབུས་གཙང་སྤྱི་འཐུས་སུ་ལངས་པ་ཡིན། གཞན་ཡང་བོད་པའི་སྤྱི་ཚོགས་ནང་ལ་གནའ་དེང་གི་ཤེས་ཡོན་གྱིས་ཕྱུག་པ་བཟོ་རྒྱུ་དེ་ངའི་དམིགས་ཡུལ་དང་པོ་ཡིན། བོད་མིའི་རྩ་དོན་སྒྲུབ་རྒྱུའི་ཆེད་དུ་དབུས་མའི་ལམ་གྱི་སྲིད་བྱུས་ཀྱི་གོ་རྟོགས་སྤེལ་རྒྱུ་དེ་ངའི་དམིགས་ཡུལ་གཉིས་པ་ཡིན། བོད་པའི་སྤྱི་ཚོགས་ནང་གཞོན་སྐྱེས་ཚོའི་ཡ་རབས་བཟང་སྤྱོད་གོང་མཐོར་ཡོང་ཆེད་ནང་ཆོས་དང་འབྲེལ་བའི་ལམ་སྟོན་སློབ་གསོ་བྱེད་རྒྱུ་ཡིན་ཞེས་གསུངས་སོང་།
གཉིས་པ་མདོ་སྨད་སྤྱི་འཐུས་འོས་མི་རྨོག་རུ་བསྟན་པས་རང་ཉིད་ངོ་སྤྲོད་དང་འབྲེལ་སོ་སོ་སྤྱི་འཐུས་འོས་མིར་ལངས་དགོས་པའི་རྒྱུ་མཚན་སྐོར་ལ་གསུང་དོན། ༧གོང་ས་མཆོག་གི་དབུས་བོད་པའི་སྤྱི་ཚོགས་འདིར་ཞབས་ཞུ་གང་ཐུབ་ཞུ་རྒྱུའི་འདོད་པ་ཤུགས་ཆེན་པོ་ཡོད་པ་གཅིག་དང་། གཞན་ཡང་ང་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྤྱི་འཐུས་འོས་མི་ཡིན་པ་དང་ང་ལ་རྒྱབ་སྐྱོར་བྱེད་མཁན་མང་ཆེ་བ་ས་གནས་མོན་གྷོ་འདི་རིང་ཆགས་ཀྱི་ཡོད་སྟབས་ཐུགས་རྗེ་ཆེ་ཞུ་ཆེད་དུ་བཅར་བ་ཡིན་ཞེས་གསུངས་སོང་།
གསུམ་པ་དབུས་གཙང་སྤྱི་འཐུས་འོས་མི་འཆི་མེད་གཡུང་དྲུང་གིས་ཐོག་མར་ངོ་སྤྲོད་དང་འབྲེལ་རང་ཉིད་གལ་སྲིད་བོད་མི་མང་སྤྱི་འཐུས་ཐོབ་ན་ཤུགས་རྒྱབ་ས་གཙོ་བོ་བཞི་ཡོད། དང་པོ་དེ་༧སྐྱབས་མགོན་རིན་པོ་ཆེས་ཐེངས་མང་བཀའ་སློབ་གནང་དོན་གཞིར་བཟུང་ཐོག་རིགས་གཅིག་རྐང་འཛིན་གནང་མཁན་ཚོར་རྒྱབ་སྐྱོར་བྱེད་རྒྱུ་དང་སྤྱི་ཚོགས་འདིའི་ནང་རིགས་གཅིག་རྐང་འཛིན་བྱེད་མཁན་མང་དུ་གཏོང་རྒྱུར་ཤུགས་རྒྱག་རྒྱུ་ཡིན། གཉིས་པ་དེ་ང་རང་ཚོའི་སྤྱི་ཚོགས་ནང་ད་ལྟའི་ཆར་འཁྲུག་ཆ་དོད་པོ་ཡོད་ཀྱང་གཏིང་གི་ཆབ་སྲིད་ཀྱི་གནས་སྟངས་ཡག་པོ་ཡོད་པ་མཐོང་གི་མེད། དེར་བརྟེན་ཆབ་སྲིད་གོ་རྟོགས་གོང་མཐོར་ཡོང་ཆེད་ཤུགས་རྒྱག་རྒྱུ་ཡིན། གསུམ་པ་གལ་ཆེ་ཤོས་དེ་གྲོས་ཚོགས་གོང་འོག་གཉིས་དགོས་གལ་མཐོང་གི་ཡོད་སྟབས་ཤུགས་རྒྱག་གི་ཡིན། བཞི་པ་དེ་ལས་གལ་ཆེ་བ་གྲོས་ཚོགས་གོང་འོག་ཡོད་ན་ཆབ་སྲིད་ཚོགས་པའི་ལམ་ལུགས་ཐོག་སླེབས་ཐུབ་ལ་འབད་རྩོན་བྱེད་རྒྱུ་ཡིན་ཞེས་གསུངས་སོང་།
བཞི་པ་དབུས་གཙང་སྤྱི་འཐུས་ལས་ཐོག་ངག་དབང་ལྷ་མོས་གསུང་བཤད་གནང་དོན། ཐོག་མར་མཐོ་སློབ་ཐོན་པ་ནས་བཟུང་བོད་ཁྱིམ་དགེ་རྒན་དང་དེ་རྗེས་ས་གནས་བུད་མེད་ཀྱི་ཚོགས་གཙོ་དང་དབུས་བུད་མེད་ཚོགས་པའི་དྲུང་ཆེ་ཐེངས་གཉིས་དང་རིམ་པས་ཚོགས་གཞོན་གཅས་ཀྱི་ལས་ཁུར་བླངས་། དེའི་རྗེས་སུ་སྤྱི་འཐུས་སྐབས་གསུམ་རིང་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་བསྩལ་བ་ལ་བརྟེན་ནས། ལོ་ངོ་༣༡ ཙམ་གྱི་རིང་ལ་༧གོང་ས་མཆོག་དབུས་པའི་བོད་གཞུང་མང་གཉིས་ཀྱི་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ཡི་ཡོད། སོ་སོས་ཡིན་ན་ཡང་ལོ་ཡུན་དེའི་རིང་ཞབས་འདྲེན་གང་ཡང་ཞུ་མྱོང་མེད་ཅེས་གསུངས་སོང་།
ལྔ་པ་མདོ་སྟོད་སྤྱི་འཐུས་འོས་མི་གོ་བོ་བློ་བཟང་ཕན་བདེས་སྐབས་བཅོ་ལྔ་པའི་སྤྱི་འཐུས་སུ་ལངས་དགོས་པའི་རྒྱུ་མཚན་སྐོར་ལ་གསུང་དོན། མདོ་སྟོད་སྤྱི་འཐུས་ཀྱི་འོས་ནང་སླེབས་པ་དེ་སོ་སོ་སྒེར་ངོས་ཀྱི་རྨི་ལམ་ཡུལ་ན་མེད་པ་ཞིག་ཆགས་བསྡད་ཡོད་པ་རེད། ས་གནས་རྒྱུན་ལས་རྣམ་པས་རྒྱབ་ལྗོངས་ལོ་རྒྱུས་དང་བཅས་པར་གཟིགས་ནས་དབུས་ལ་བཏང་བ་ཞིག་དང་། དབུས་ཀྱི་མང་མོས་རྩེར་བཏོགས་ཀྱི་གྲས་སུ་ཚུད་ནས་མར་བཀྲམ་པ་མ་ཟད་ད་ལྟ་དངོས་གཞིའི་འོས་མིའི་ནང་དུ་སླེབས་ཡོད་པ་རེད། མ་འོངས་པར་གལ་སྲིད་སྤྱི་འཐུས་ཐོབ་པ་ཡིན་ན། ད་ལྟ་བར་དུ་གཞིས་ལུས་རྒྱ་ཆེའི་མི་མང་གི་བདེ་སྡུག་གླེང་སློང་ཤུགས་ཆེན་བྱེད་མཁན་དང་བཙན་བྱོལ་ནང་གི་གཞིས་ཆགས་ཁག་སྲ་བརྟན་གནས་དགོས་པ་ཡིན་ན། དེ་ལ་མཐུན་རྐྱེན་ག་རེ་བསྐྲུན་དགོས་པ་གཉིས་ཀྱི་ཐད་ལ་བགྲོ་གླེང་བྱེད་མཁན་ཉུང་ཉུང་མ་གཏོགས་མཐོང་མ་སོང་། དེ་འདྲ་ཡིན་དུས་དམིགས་ཡུལ་དེ་གཉིས་ཀྱི་ཐོག་གྲོས་ཚོགས་ནང་བགྲོ་གླེང་ཤུགས་ཆེན་པོ་བྱེད་ཐུབ་པར་འབད་རྩོན་བྱེད་འཆར་ཡོད་ཅེས་གསུངས་སོང་།
དྲུག་པ་དབུས་གཙང་སྤྱི་འཐུས་འོས་མི་བྱ་ཉལ་ཚེ་རིང་ལྷ་སྐྱབས་ཀྱིས་རང་ཉིད་སློབ་གྲྭ་ཐོན་པ་ནས་བཟུང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྡེ་ཚན་མང་པོའི་ནང་མི་ལོ་༢༣ རིང་ལ་བར་སྟོང་ལོ་གཅིག་མེད་པའི་ཐོག་ནས་ཞབས་ཕྱི་ཞུས་པ་ཡིན། ད་དུང་ཐུགས་ཕན་སོས་བ་རེ་ཡོད་ན་མུ་མཐུད་ནས་ཞབས་ཕྱི་ཞུ་རྒྱུའི་འདོད་པ་ཆ་ཚང་ཡོད་ལ། གལ་སྲིད་སྤྱི་འཐུས་ཐོབ་པ་ཡིན་ན་ཡང་ངས་འགན་ཁུར་གཙོ་བོ་དེ་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་འོག་ལ་ཤར་བསྐྱོད་བྱེད་རྒྱུ་དང་། དེ་བཞིན་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ལམ་སྟོན་གྱི་འོག་ཤར་བསྐྱོད་བྱེད་རྒྱུ། དེ་བཞིན་གཞིས་བྱེས་མི་མང་ཡོངས་ཀྱི་མངོན་འདོད་གང་ཡོད་པ་དེ་གྲུབ་ཆེད་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་གསུངས་སོང་།
བདུན་པ་དགེ་ལུགས་སྤྱི་འཐུས་འོས་མི་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་རང་ཉིད་བོད་མི་མང་སྤྱི་འཐུས་སུ་ལངས་དགོས་པའི་རྒྱུ་མཚན་སྐོར་ལ་གསུངས་དོན། ང་རང་ངོ་སྤྲོད་བྱེད་མི་དགོས་པའི་ཐོག་ནས་ཐོག་མར་དགེ་ལུགས་པའི་གྲྭ་བཙུན་གཉིས་ཀྱིས་ང་ལ་ཐུགས་རེ་དང་ཡིད་ཆེས་ཆེན་པོ་ཞིག་གི་ཐོག་ནས་འོས་འཕངས་པ་ཙམ་མ་ཟད་ཨང་དང་པོར་སླེབས་བསྡད་ཡོད་པ་རེད། དེ་ལ་གོ་སྐབས་འདི་བརྒྱུད་ནས་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལྟའི་ཆར་ང་ཚོ་སྔར་དང་མི་འདྲ་བར་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་བྱེད་ཕྱོགས་ཐད་བགྲོ་གླེང་དང་དོགས་འདྲིའི་ལས་རིམ་སྔོན་སོང་ཐོག་འདམ་གསེས་བྱེད་ཀྱི་ཡོད་པ་དེ་ང་ཚོའི་མང་གཙོའི་འཕེལ་རིམ་ནང་དུ་ཐོག་མ་ཆགས་ཀྱི་ཡོད་པ་རེད། དེ་ནི་གལ་ཆེན་རྩ་ཆེན་ཞིག་ལ་བརྩི་ཡི་ཡོད། དེ་བརྟེན་ང་རང་ཡིན་ཡང་སྡིངས་ཆ་འདིའི་སྒང་ལ་ལངས་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ཡིན། མང་གཙོའི་འཕེལ་རིམ་གོང་མཐོར་འགྲོ་བཞིན་ཡོད་པ་རེད། འོན་ཀྱང་འདི་འདྲའི་སྐབས་ལ་ཆབ་སྲིད་ཀྱི་རླུང་བུ་སྣ་ཚོགས་ལྡང་ནས་མང་ཚོགས་ཀྱི་ལམ་ཁ་བརླག་རྒྱུའི་ཉེན་ཁ་ཤུགས་ཆེན་པོ་རེད། ༧གོང་ས་མཆོག་གི་བཀའ་དགོངས་ཇིི་བཞིན་བསྒྲུབ་རྒྱུ་དང་བོད་ཀྱི་རྩ་དོན་བསྒྲུབ་ཐུབ་དང་མི་ཐུབ་དེ་ད་ལྟ་མང་ཚོགས་ཀྱི་ལག་པར་ཡོད་པ་རེད་མ་གཏོགས། རྐུབ་སྟེགས་ཐོག་འདུག་མཁན་ཚོའི་ལག་པར་ཡོད་པ་མ་རེད། དེར་བརྟེན་ཆོལ་གསུམ་གཅིག་སྒྲིལ་ཐོག་མི་མང་གིས་བཀའ་སྤྱི་གཉིས་ཀྱི་འོས་མི་ཚད་དང་ལྡན་པ་ཞིག་འདེམས་གནང་རོགས་ཞེས་སོགས་གསུངས་སོང་།
མོན་གྷོ་གསར་འགོད་པས།
{jcomments on}