བལ་ཡུལ་དུ་བློན་ཆེན་བསྐོ་བཞག་ཐད་དཀའ་ངལ།
ཉེ་བའི་ཟླ་ཤས་རིང་བལ་ཡུལ་གྱི་གཞུང་འཛིན་སྲིད་བློན་འདེམས་བསྐོ་ཐེངས་བཅུ་བདུན་ཙམ་བྱས་བའི་མཐར་བལ་ཡུལ་རྒྱལ་ནང་གི་མཱ་ཁ་སི་དང་ལེ་ཉིན་དམར་ཕྱོགས་ཆབ་སྲིད་ཚོགས་པའི་སྐུ་ཞབས་J N Khanal རྒྱལ་ཁབ་ཀྱི་གཞུང་འཛིན་སྲིད་བློན་ལ་གསར་དུ་མང་མོས་འདེམས་བསྐོ་བྱུང་ནས་སྲིད་བློན་འོས་འདེམས་ཀྱི་དཀའ་རྙོག་རེ་ཞིག་མཇུག་བསྒྲིལ་བ་དང། རྒྱལ་ནང་གི་དཀའ་རྙོག་ཁག་རིམ་པས་སེལ་རྒྱུར་ཁོར་ཡུག་ཡག་པོ་བྱུང་བར་མང་པོས་རེ་བ་བྱས་ཡོད་ཐོག སྲིད་བློན་གསར་པས་གང་མགྱོག་བློན་ཆེན་རིམ་པ་བསྐོ་བཞག་བྱས་ནས་གཞུང་འཛིན་སྲ་བརྟན་བཟོ་རྒྱུ་ཡིན་པ་ཐེངས་ཁ་ཤས་ལ་གཏམ་བཤད་སྤེལ་ཡོད་ཀྱང་། མུ་མཐུད་ནང་སྲིད་གཙོས་བློན་ཆེན་ཁག་ཡོངས་སུ་བསྐོ་བཞག་མ་ཐུབ་པར་དཀའ་ངལ་འཕྲད་བཞིན་པ་དང་། དེ་ནི་སྲིད་བློན་གསར་པའི་ཆབ་སྲིད་ཚོགས་པ་དང་། གཞན་གནད་ཡོད་མི་སྣ་ཚོས་རྒྱལ་ཁབ་ཀྱི་ནང་སྲིད་བློན་ཆེན་དམར་ཕྱོགས་མའོ་རིང་ལུགས་པར་སྤྲོད་འདོད་བྱེད་ཀྱི་མེད་པ་རེད། མའོ་རིང་ལུགས་པའི་ཚོགས་པའི་ངོས་ནས་དེ་ལྟར་མ་བྱུང་ན་ཁོང་ཚོ་གཞུང་འཛིན་ལ་མཉམ་ཞུགས་བྱེད་རྒྱུ་མིན་ཚུལ་བཤད་བཞིན་ཕྱིར་འཐེན་བྱས་ནས་བསྡད་ཡོད་པར། ཉེ་བའི་རིང་སྲིད་བློན་གསར་པ་དང་དམར་ཕྱོགས་མའོ་རིང་ལུགས་པའི་བར་ཐེངས་མང་ནང་སྲིད་བློན་ཆེན་བསྐོ་བཞག་ཐད་གྲོས་མོལ་གོ་བསྡུར་རིམ་པ་བྱས་སྐབས་མའོ་རིང་ལུགས་པའི་ངོས་ནས་ནང་སྲིད་བློན་ཆེན་རག་ཐབས་ལ་མཐའ་གཅིག་དུ་ཨུ་ཚུགས་བྱས་པར་བརྟེན། ཁོང་ཚོའི་དགོས་འདོད་བཞིན་ནང་སྲིད་བློན་ཆེན་གྱི་གོ་གནས་དེ་མའོ་རིང་ལུགས་པའི་ཚོགས་པར་སྤྲོད་རྒྱུ་བྱས་ཀྱང། གཞུང་འཛིན་ཚོགས་པའི་གནད་ཡོད་མི་སྣ་དང་ཆབ་སྲིད་ཚོགས་པ་གཞན་ཁག་གཅིག་གིས་ཀྱང་དེའི་ཐད་མོས་མཐུན་མེད་པར་དགག་རྒྱག་བྱས་ནས། ནང་སྲིད་བློན་ཆེན་མའོ་ཚོགས་པར་རག་རྒྱུའི་ལམ་ལྷོང་བྱུང་མེད་པ་རེད། ད་ཆ་སྲིད་བློན་གསར་པས་བློན་ཆེན་གསུམ་ལས་བསྐོ་བཞག་བྱེད་མ་ཐུབ་པར། ནང་སྲིད་གཙོས་བློན་ཆེན་རིམ་པ་ཡོངས་སུ་བསྐོ་བཞག་ཆ་ཚང་བྱེད་རྒྱུར་མུ་མཐུད་དཀའ་ངལ་ཁྲོད་གནས་ཡོད་པ་རེད།
ཉིན་ཤས་གོང་བལ་ཡུལ་གྱི་སྲིད་བློན་གསར་པས་རྒྱལ་ཡོངས་ལ་ཡོངས་ཁྱབ་གཏམ་བཤད་ཐོག་མ་དེ་བྱེད་སྐབས་ཁོང་གིས། བལ་ཡུལ་གྱི་མི་མང་སྤྱི་ཡོངས་ཀྱི་མངོན་འདོད་ལྟར་རྒྱལ་ནང་གི་ཞི་འགྲིག་ལས་དོན་དང་རྒྱལ་སྲིད་སྲ་བརྟན། རྩ་ཁྲིམས་གསར་བཟོ་དུས་ཐོག་ཡོང་ཐབས་སོགས་ལ་འབད་བརྩོན་གྱིས་ལས་དོན་སྤེལ་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཀྱི་ལས་དོན་གལ་ཆེན་དེ་དག་ལེགས་འགྲུབ་ཡོང་བར་བྱེད་པ་ལ་ཆབ་སྲིད་ཚོགས་པ་ཁག་གིས་རྒྱལ་ཞེན་དང་ལྷག་བསམ་བཟང་པོས་ཚང་མ་ལྡོག་རྩ་གཅིག་སྒྲིལ་བྱས་ནས་ལས་དོན་ཁག་ལ་མཉམ་ཞུགས་དང་། སྤྱི་འབངས་མི་སེར་ཚོས་ངང་རྒྱུད་རིང་པོ་ཡོང་བ་བྱེད་རོགས་ཞེས་འབོད་སྐུལ་ནན་སྐུལ་བྱས་ཡོད་འདུག།། བལ་ཡུལ་ས་གནས་གསར་འགོད་པས།
{jcomments on}