རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་སྐུ་གྲོངས་པ།

དེའི་སྐོར་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ཀྱིས་འགྲེལ་བརྗོད་གནང་དོན། སྤྱིར་ལོ་གསར་ཐུག་མཚམས་སུ་འདི་འདྲའི་གསལ་བསྒྲགས་སྤེལ་ན་ཡག་པོ་མི་འདུག མི་ཚང་མས་ལོ་གསར་ཡག་པོ་ཞིག་གཏོང་བསམ་གྱི་ཡོད་པ་རེད། འོན་ཀྱང་དེ་རིང་འདི་མ་བྱས་ཀ་མེད་རེད་འདུག་པ་མ་ཟད། བོད་ནང་གི་ཆབ་སྲིད་བཙོན་པ་སྟོང་ཕྲག་ཡོད་པ་རྣམས། གཉེན་ཉེ་དང་ཐུག་འཕྲད་མ་བྱུང་བ་རྣམས་ལོ་གསར་སྐབས་སུ་ང་ཚོས་སེམས་ནས་བརྗེད་མེད་ཅེས་པའི་རྣམ་འགྱུར་སྟོན་ཆེད་དུ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང།

sangyegyatso_die2སངས་རྒྱས་རྒྱ་མཚོའམ་མིང་གཞན་ལ་སངས་རྒྱས་གྲུབ་ཆེན་ནི། ཕྱི་ལོ་༡༩༦༩ ལོར་བོད་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་བསང་ཁོག་ཚོ་བདུན་ཞེས་པའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་ཕ་མགོ་བྷེ་དང། མ་བསོད་ལོ་གཉིས་ཀྱི་བུར་སྐྱེས་ཤིང། རང་ལོ་༡༦ ཐོག་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཆོས་ཞུགས་གནང། ཕྱི་ལོ་༡༩༩༡ ལོར་རྒྱ་གར་དུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སློབ་གཉེར་གནང། ༡༩༩༤ ལོར་དགོས་དབང་གིས་བོད་དུ་ལོག་ནས་སྔར་ལྟར་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པར་སློབ་གཉེར་རྒྱུན་འཁྱོངས་གནང། ཕྱི་ལོ་༢༠༠༨ ལོར་ཞི་བའི་ངོ་རྒོལ་སྐབས་ཁོང་ནི་སྣེ་འཁྲིད་མཁན་དང། རྒྱལ་སྤྱིའི་གསར་འགོད་པ་ལྷ་ས་དང་བླ་བྲང་སོགས་སུ་སླེབས་སྐབས། མདུན་དུ་ཕེབས་ནས་བོད་ལ་འགྲོ་བ་མིའི་ཐོབ་ཐང་མེད་ལུགས་སོགས་ཀྱི་སྐད་འབོད་བྱས་པར་བརྟེན། རྒྱ་གཞུང་གིས་འཛིན་བཟུང་བཀའ་རྒྱ་བཀྲམ། དེ་ནས་མི་མེད་ལུང་སྟོང་གི་རི་མགོར་གཡོལ་ནས་བསྡད་སྐབས། ཟས་གོས་ཀྱི་མཐུན་རྐྱེན་མེད་ཁར་གྲང་བའི་ན་ཚ་ཕོག་ནས་ཉལ་སར་ལུས་ཡོད་འདུག རྒྱ་གཞུང་གི་དམ་དྲག་འོག་ཚད་ལྡན་གྱི་སྨན་ཁང་དུ་བསྟེན་རྒྱུའི་གོ་སྐབས་མེད་པར། ས་གནས་ཀྱི་སྨན་ཁང་ཆུང་ཆུང་ཁག་ལ་བསྟེན་གཏུགས་དང། ཟི་ལིང་བོད་སྨན་ཁང་སོགས་སུ་གཤགས་བཅོས་སོགས་སྨན་བཅོས་བྱས་ཀྱང་མ་ཕན་པར། ཕྱི་ལོ་༢༠༡༡ ཟླ་༢ པའི་ཚེས་༢༦ ཉིན་གྱི་ཞོགས་པར་དགོངས་པ་རྫོགས་ཡོད་པ་རེད།

ཁོང་ནི་རྒྱ་གཞུང་གིས་དམིགས་འབེན་བཟུང་སའི་མི་ཞིག་ཡིན་པར་བརྟེན། དུས་ཐོག་ཏུ་སྨན་བཅོས་མ་ཐུབ་པའི་རྒྱུ་རྐྱེན་ཁོ་ནར་བརྟེན་ནས་འདས་གྲོངས་སུ་ཕྱིན་པ་ཞིག་ཡིན་པ་ནི་གོར་མ་ཆགས་མོད། འོན་ཀྱང་ང་ཚོའི་ངོས་ནས་རྒྱལ་གཅེས་དཔའ་བོ་ཞིག་དང། དུས་གཏན་དུ་མི་མང་གི་སྙིང་དབུས་སུ་བཞེངས་པའི་གཞོམ་གཞིག་བྲལ་བའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཡིན་ཞུ་རྒྱུ་དང། ཁོང་དང་ཁོང་ལྟ་བུ་ད་དུང་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོ་ཞིག་ཉེན་གཡོལ་དུ་ཕེབས་ནས་དཀའ་སྡུག་མང་པོ་འཕྲད་བཞིན་པར། གོ་སྐབས་འདི་བརྒྱུད་ནས་ཁྱེད་ཅག་གི་ཞུམ་པ་མེད་པའི་སྙིང་སྟོབས་ལ་རྒྱབ་སྐྱོར་དང་ཡི་རངས་ཞུ་རྒྱུ་ཡིན་ཞེས་གསར་འགོད་གསལ་བསྒྲགས་ཏུ་བཀོད་འདུག།

http://www.youtube.com/watch?v=qEWFy7u8Skc&feature=related

{jcomments on}