མོན་གྷོ་ས་འཐུས་ཀྱི་འཚོགས་འདུ།
ང་རང་ཚོ་འདིར་རང་དབང་ལུང་པར་སོ་སོའི་རང་སྣང་གང་དྲན་བྱས་ནས་སྡོད་དབང་ཡོད་པ་རེད། ཡིན་ན་ཡང་གཞིས་བཞུགས་བོད་མི་རྣམས་ལ་རང་དབང་གཏན་ནས་མེད་པར་རྒྱ་དམར་གྱི་བཙན་དབང་གི་འོག་ལ་མནར་གཅོད་དྲག་པོ་མྱོང་བཞིན་པ་ང་རང་ཚོ་ཚང་མའི་མཁྱེན་གསལ་རེད། མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་ཁོང་རྣམས་ཀྱི་ཞིམ་པ་མེད་པར་རང་གི་གཅེས་པའི་ལུས་སྲོག་བློས་བཏང་ནས་ལས་འགུལ་སྣ་མང་སྤེལ་དང་སྤེལ་བཞིན་པའི་སྙིང་སྟོབས་དང་གཟི་བརྗིད་ལྡན་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་བཀའ་དྲིན་དེ་བརྗེད་ཐབས་མེད་པ་ཞིག་རེད། ཁོང་ཚོའི་བཀའ་དྲིན་རྗེས་སུ་དྲན་བཞིན་པའི་ཐོག་ནས་ང་རང་ཚོ་རང་ངོས་ནས་ནུས་པ་གང་ཡོད་ཀྱི་སྒོ་ནས་བོད་བསྟན་པ་ཆབ་སྲིད་ཆེད་དུ་ལྷག་བསམ་རྣམ་པར་དག་པའི་ཐོག་ནས་ཆོད་སེམས་བརྟན་པོ་དང་གཉན་འཕྲེང་ཅན་གྱི་དུས་ཚོད་འདིར་ང་རང་ཚོའི་ཐོག་ཏུ་བབ་པའི་ལས་འགན་དེ་བོད་གཞིས་བྱེས་གཉིས་ཀྱི་མི་མང་གི་དཀའ་སྡུག་སེལ་ཐུབ་ཐབས་ལ་འབད་རྩོན་བྱེད་རྒྱུ་དེ་ང་ཚོའི་ལས་འགན་ཉག་གཅིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་སོང་ཙང་མ་རྗེད་པ་གནང་རོགས་ཅེས་ཞུ་རྒྱུ་ཡིན།
གཞན་ཡང་སྔ་ལོ་བོད་ནང་དུ་བོད་རིགས་སློབ་གྲྭ་ཁག་མང་པོའི་ནང་རྒྱ་དམར་གཞུང་གིས་ཤེས་ཡོན་ལམ་ལུགས་བཅོས་བསྒྱུར་རམ་བོད་ཀྱི་སྐད་ཡིག་ནུས་མེད་བཟོ་རྒྱུའི་སྲིད་བྱུས་ངན་པ་དེའི་ཐོག་ལ་ཞི་བའི་ངོ་རྒོལ་མི་རིགས་འགྲ་མཉམ་དང་སྐད་རིགས་རང་དབང་ཅེས་པའི་འབོད་ཚིགས་སྒྲོག་གནང་བ་དེ་ནི་གཟི་བརྗིད་ཅན་གྱི་ལས་འགུལ་ཞིག་ཆགས་བསྡད་ཡོད་པ་རེད། སྤྱིར་བཏང་སྐད་ཡིག་ཟེར་བ་དེ་རིག་གཞུང་གི་གཞི་རྟེན་ལྟ་བུ་ཆགས་བསྡད་ཡོད་པ་སོང་ཙང་། ང་རང་ཚོ་བཙན་བྱོལ་ནང་ཡོད་པའི་བུ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་གཉིས་ཀྱི་གནས་ཚད་གོང་མཐོར་གཏོང་རྒྱུ་དང་གཞན་ཡང་ཡུལ་སྲོལ་གོམ་གཤིས་དེ་གཞིན་མཐུན་ལམ་གཅིག་སྒྲིལ་སོགས་ལ་སྨན་སླད་དུ་གྲོས་ཆོད་གྲོས་འཆར་དང་ཐུགས་སྣང་གཞེན་བསྐུལ་སོགས་རེ་རེ་བཞིན་ཕེབས་ཡོང་སྐབས་ཕན་ཚུན་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་ལྷུག་པོར་གསུངས་རྒྱུ་མ་ཟད་དྲི་བ་འདྲི་མཁན་དང་དྲིས་ལན་འདེབས་མཁན་གཉིས་ཀྱི་ངོས་ནས་ཀྱང་འཕྲལ་སེལ་ཙམ་མ་ཡིན་པར་འགན་ཁུལ་ཡོད་པའི་སྒོ་ནས་ལན་འདེབས་དང་དོགས་སེལ་ཞིབ་ཚགས་གནང་དགོས་པ་ང་རང་ཚོ་ཚང་མའི་ཕྲག་ཏུ་བབ་པའི་འགན་ཁུར་ཉག་གཅིག་རེད་དྲན་གྱི་ཡོད། དེ་བཞིན་ད་ལྟའི་གནས་སྐབས་འདིར་བཀའ་བློན་ཁྲི་བ་དང་བོད་མི་མང་སྤྱི་འཐུས་གཉིས་ཀྱི་འོས་བསྡུའི་ལས་རིམ་འགྲོ་བཞིན་པ་རེད། རང་མིན་ཕྱི་ཟླ་༣་པའི་ཚེས་༢༠་ཉིན་དངོས་གཞིའི་འོས་བླུག་གཏན་ཁེལ་བ་རེད། བཀའ་སྤྱི་གཉིས་ཀྱི་འོས་བསྡུ་དེ་གལ་ཆེན་པོ་ག་ཚོད་ཡིན་པ་ངས་བཤད་མི་དགོས་པར། རྣམ་པ་ཚོ་ཚང་མའི་མཁྱེན་གསལ་རེད། སྤྱིར་བཏང་འོས་བསྡུའི་སྐོར་ལ་ཚང་མའི་དོ་སྣང་བྱེད་པ་སྔར་བྱུང་མ་མྱོང་བ་འདྲ་བོ་ཞིག་རེད། དེ་ནི་མང་གཙོའི་གནས་ཚད་གོང་མཐོར་འགྲོ་གི་ཡོད་པ་དང་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིིག་ཀྱང་རེད་དྲན་གྱི་ཡོད།
ངས་ཚོགས་འདུ་འདིའི་ཐོག་ནས་སླར་ཡང་ང་རང་ཚོའི་མི་མང་འོས་ཤོག་བླུག་རྒྱུའི་ཆ་རྐྱེན་ཚང་བ་ཐམས་ཅད་ལ་འབོད་སྐུལ་ཞུ་རྒྱུ་ཞིག་ལ། དངོས་གཞིའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་དེ་ཕྱི་ཟླ་༣་ཚེས་༢༠་ཉིན་སླེབ་ཀྱི་ཡོད་པ་རེད། དེའི་ཉིན་མོར་ངེས་པར་དུ་རྣམ་པ་ཚོ་ཚང་མ་བཅར་ཐུབ་པ་གནང་རོགས། བཅར་བ་ཙམ་མ་ཡིན་པར་འོས་འཕེན་ཕྱོགས་དེ་ཡང་སོ་སོའི་འདམ་བྱ་འདེམས་བྱེད་མ་ནོར་བ་གནང་རོགས་ཅེས་འབོད་སྐུལ་ཞུ་གི་ཡོད་ཅེས་གསུངས་སོང་།
ཡང་ཁོང་གིས་མུ་མཐུད་ནས་གསུང་དོན། ས་འཐུས་ ཚོགས་འདུ་འདི་ཁྲིམས་དང་བསྒྲིག་གཞིའི་ཐོག་ནས་གནད་འགག་ཆེས་ཤོས་ཞིག་ཆགས་བསྡད་ཡོད་པ་སོང་ཙང་། དེ་ཁ་ཡོད་ལག་ཡོད་དང་ནུས་པ་ཐོན་པ་ཞིག་ཡོང་རྒྱུའི་ཐོག་ལ་ང་རང་ཚོ་ས་འཐུས་ཚང་མ་དང་། དེ་ག་ནང་གཞིན་ས་གནས་འགོ་འཛིན་བཅས་ཀྱི་བགྲོ་གླེང་གནང་ཕྱོགས་སོགས་ཀྱི་ཐད་ཕྱར་གྲུ་མཉམ་འདེགས་གནང་རྒྱུ་དེ་གལ་ཆེན་པོ་གཅིག་དང་ང་ཚོའི་བཀའ་མོར་གང་གནང་བ་དེ་སྟོང་བཤད་ཙམ་མ་ཡིན་པར་ནུས་པ་ཐོན་པ་ཞིག་ཡོང་རྒྱུར་འབད་རྩོན་གནང་རོགས་ཅེས་འབོད་སྐུལ་གནང་ཡོད་པ་དང་།
དེ་ཡང་སྐབས་བདུན་པའི་ས་གནས་འཐུས་ཚོགས་ཚོགས་དུས་བཞི་བའི་ཉིན་གསུམ་གྱི་ལས་རིམ་ནང་ལ་དྲི་བ་རྣམ་གྲངས་༡༨་དང་དེ་ལས་འཕྲོས་པའི་འཕྲོས་དོན་དྲི་བ་༤༤་ཙམ་བྱུང་སོང་། ཐུགས་སྣང་གཞེན་བསྐུལ་གྲངས་༡༦་དང་འཕྲོས་དོན་དྲི་བ་༢་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་༢་དང་ཐུགས་རྗེ་ཆེ་ཞུའི་གྲོས་འཆར་༢་བཅས་བྱུང་ཡོད་པ་རེད། གཞན་ཡང་སྔོན་རྩིས་གཏན་འཕེབས་བྱེད་ཕྱོགས་ཐོག་ལ་དོགས་འདྲི་ལན་འདེབས་སོགས་ལྷུག་པོར་གནང་ཡོད་པ་དང་།
ཉིན་གསུམ་པའི་ཚོགས་དུས་ཐ་མར་ས་འཐུས་ཚོགས་གཙོ་མཆོག་གིས་མཇུག་བསྡོམས་གཏམ་བཤད་གནང་དོན། མོན་གྷོ་ས་གནས་འཐུས་མིའི་ཚོགས་འདུ་སྐབས་བདུན་པ་ཚོགས་ཐེངས་བཞི་བ་དེ་སྔོན་རྩིས་ཀྱི་ཚོགས་ཆེན་ཡིན་པ་སོང་ཙང་། སྔོན་རྩིས་ཀྱི་ལས་རིམ་ཤི་ཏུ་གལ་ཆེན་པོ་དེ་ཁྲིམས་དང་སྒྲིག་གཞི་མཐུན་པའི་སྒོ་ནས་གཏན་འཕེབས་ཐུབ་པ་དེ་གཟི་བརྗིད་ཆོན་པོ་ཞིག་རེད་དྲན་གྱི་ཡོད། དེ་ག་ནང་བཞིན་དེ་རིང་གི་ཚོགས་འདུ་འདིའི་ནང་གྲོས་ཆོད་གྲོས་འཆར་གལ་གནད་ཆེ་ཤོས་ཀྱི་ཡིག་ཆ་ཨང་༡༨་པ་༧གོང་ས་མཆོག་རིང་མིན་བགྲེས་ཡོལ་གནང་རྒྱུའི་དགོངས་བཞེད་དེའི་སྐོར་ལ་བསྐྱར་དུ་གསོལ་འདེབས་ཞུ་རྒྱུ་དེ་ཡང་སྤྱི་འཐུས་ལྷན་ཚོགས་རིང་མིན་ཚོགས་ལ་ཉེ་བ་དེའི་ཐོག་ལ་ང་ཚོའི་མི་མང་གི་མངོན་འདོད་ལྟར་ཤུགས་སྣོན་རྒྱབ་ཐུབ་པའི་ཆེད་དུ་གྲོས་ཆོད་དེ་སྤྱི་མོས་ཀྱི་གཏན་ལ་འཕེབས་ཐུབ་པ་དེ་གཟི་བརྗིད་ཞིག་རེད།
དེ་ག་ནང་བཞིན་གནད་འགག་ཅན་གྱི་གྲོས་ཆོད་གཅིག་༧རྒྱལ་བ་ཀརྨ་པར་ཉེ་བའི་ཆར་སྐུ་ངལ་འཕྲད་པ་དེའི་སྐོར་རེད། དེ་ཡང་ཤིན་ཏུ་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད། གཞན་ཡང་ཐུགས་རྗེ་ཆེ་ཞུའི་གྲོས་འཆར་གཉིས་དང་དམིགས་བསལ་དྲི་བ་ཨང་དྲུག་པའི་གནད་དོན་དེའི་ཐོག་ས་གནས་འཐུས་མི་ཡོངས་དང་ས་གནས་འགོ་འཛིན་བཅས་ཀྱི་བགྲོ་གླེང་གོ་བསྡུར་ལྷུག་པོ་བྱུང་བར་བརྟེན་འདིའི་དཀའ་ངལ་དེ་ཕར་ཆེར་སེལ་ཐུབ་པའི་རེ་བ་དང་ཡིད་ཆེས་བརྒྱ་ཆ་བརྒྱ་ཐམ་པ་བྱེད་ཀྱི་ཡོད། དེ་འདྲ་སོང་ཙང་དེ་རིང་གི་ལས་རིམ་ཡོངས་སུ་རྫོགས་པ་ལེགས་པར་གྲུབ་སོང་དྲན་གྱི་ཡོད། དེ་ནི་རྣམ་པ་ཚོ་ཆ་ཤེས་ལེན་མཁན་འཐུས་མི་ཚོ་རེད། དེ་ག་ནང་བཞིན་ས་གནས་འགོ་འཛིན་གྱི་ལན་འདེབས་གནང་ཕྱོགས་དང་ལྷག་པར་ལོ་འཁོར་ལས་བསྡོམས་དང་སྔོན་རྩིས་ཀྱི་གསུང་བཤད་སོགས་སྔར་དང་མི་འདྲ་བར་ཤིན་ཏུ་ནས་ཐུགས་སྣང་ཆེན་པོའི་སྒོ་ནས་གནང་བ་སོགས་ཀྱི་ཐད་ལ་བློ་ཁ་ཚིམས་པ་བྱུང་སོང་། དེ་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཅེས་གསུངས་སོང་། མོན་གྷོ་ས་འཐུས་སྐབས་བདུན་པའི་ཚོགས་དུས་བཞི་བ་རྒྱལ་ཁའི་ངང་མཇུག་དྲིལ་ཡོད་པ་རེད།
མོན་གྷོ་གསར་འགོད་པས།