སེར་བྱེས་ཕུར་མཇལ་ཆེན་མོ།
དེ་ཡང་ཕུར་པ་དེ་ནི་སློབ་དཔོན་པདྨ་འབྱུང་གནས་གནས་ཀྱིས་རྒྱ་གར་བསིལ་བའི་ཚལ་གྱི་མཆོད་རྟེན་དྲུང་ནས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕུར་པ་གཏེར་ནས་བཞེས་ཤིང་ཡི་དམ་གྱི་གཙོ་བོར་མཛད།
དུས་ཕྱིས་ལྷོ་ནུབ་སྲིན་པོའི་གླིང་དུ་ཕེབས་སྐབས་ཡེར་བ་སེ་བ་གདོང་དུ་གཏེར་དུ་སྦས་པ་གྲུབ་ཐོབ་མདའ་འཕྱར་བ་ཆེན་པོས་གཏེར་ནས་བཞེས་པ་དང་།
ཕྱིས་སུ་མུས་སྲད་དུ་བྱོན་ནས་གཙུག་ལག་ཁང་གི་རྟེན་གཙོར་ཕུར་པ་འདི་བཞག་པ་ཞིག་ཡིན་འདུག དེ་ནས་རིམ་གྱིས་བརྒྱུད་ནས་རྟོགས་ལྡན་ཡོན་ཏན་མགོན་པོའི་ཕྱག་ཏུ་བྱུང་བ་སེར་བྱེས་གྲྭ་ཚང་ཕྱག་འདེབས་པ་པོ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེར་བསྩལ།
༸གོང་ས་ལྔ་པ་ཆེན་པོའི་སྐབས་སུ་ཕུར་མཇལ་གནང་བའི་སྲོལ་བཏོད་པ་ནས་ད་ལྟའི་བར་སེར་བྱེས་གྲྭ་ཚང་གི་མཁན་རབས་རིམ་བྱོན་གྱིས་བོད་ཟླ་༡༢ ཚེས་༢༧ ཉིན་ཚད་ལྡན་བསྙེན་མཚམས་སྔོན་དུ་སོང་ནས་ཕུར་མཇལ་གནང་སྲོལ་ཡོད་པ་ཞིག་ཡིན་པ་དང་། ཕུར་པ་འདིས་ལྷ་སྲིད་སྡེ་བརྒྱད་དང་། ས་བདག་ཀླུ་གཉན་སོགས་ཀྱི་གནོད་འཚེ་ལྷག་མེད་དུ་འཇོམ་ཤིང། སྐལ་ལྡན་ལས་འཕྲོ་ཅན་ལ་དངོས་གྲུབ་ཆར་ལྟར་འབེབས་པའི་བྱིན་རླབས་ཀྱི་ཚན་ཁ་ཡོད་པས་མི་མང་གིས་གལ་ཆེའི་མཆོད་མཇལ་ཞིག་ཏུ་བརྩིས་ནས་འགྲོ་བཞིན་ཡོད་པ་རེད།།
མེ་སོར་གསར་འགོད་པས།