མདོ་སྨད་སྤྱི་འཐུས་འོས་མི་མགོ་ལོག་བཀྲ་ཤིས་དོན་འགྲུབ་ལ་བཅར་འདྲི།
དྲི་བ། ༡ སྐུ་ཉིད་སྤྱི་འཐུས་ཀྱི་འོས་མིར་ལངས་དགོས་པའི་རྒྱུ་མཚན་གསུང་རོགས།
ལན།༡ རང་ཉིད་བོད་ཀྱི་ཡུལ་མི་གཙང་མ་ཞིག་ཡིན་པ་དང་། བོད་མི་མང་སྤྱི་འཐུས་ལ་དགོས་ངེས་ཆ་རྐྱེན་གྱི་འོས་ཆོས་ལྡན་པའི་ཁར་མདོ་སྨད་ས་རྒྱུན་དང་བྱས་རྗེས་ཅན་གྱི་མདོ་སྨད་པ་རྒན་རབས་འགའ་དང་རྒྱུན་གཏན་ཐུགས་ཁུར་ཅན་ཚོའི་ཐུགས་རེ་ཇི་བཞིན་དོན་སྨིན་ཡོང་ཐབས་དང་། ཐུགས་རེའི་ངོ་བོ་ནི་གཙོ་ཆེ་རང་ཉིད་ནས་ལོ་མང་རིང་བཙན་བྱོལ་གཞུང་གི་ལམ་སྟོན་དབུ་ཁྲིད་འོག་ལས་སྣེ་ཆེ་ཕྲ་གང་དང་གང་གི་ཐད་ངོ་ལྐོག་སྤྲེལ་ལད་མེད་པར་འབད་བརྩོན་ཆེ་བསྐྱེད་ཐོག་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་ལ་ཚུལ་བཞིན་ཤར་སྐྱོད་ཀྱི་དབང་གིས་མང་ཚོགས་ནས་ཀྱང་དགོངས་པ་བཞེས་པར་བརྟེན་རང་ཉིད་ནས་ཀྱང་གཉན་འཕྲང་ཅན་གྱི་དུས་བབ་འདིར་རང་མགོ་གང་ཐོན་མིན་པར་རང་གི་རྒྱལ་ཁབ་དང་མི་རིགས་ཆེད་སྲིད་ཞུ་གཟེངས་སུ་ཐོན་པ་ཞུ་སླད་བོད་མི་མང་གི་སྤྱི་འཐུས་འོས་མིར་ཞུགས་པ་རེད།
དྲི་བ། ༢ སྐུ་ཉིད་ལ་འོས་ཐོབ་ན་ལས་དོན་གཙོ་བོ་གང་ལ་ཤུགས་སྣོན་རྒྱག་རྩིས་ཡོད་དམ།
ལན།༢ སྤྱིར་བཏང་རང་བཙན་ཡོད་པའི་རྒྱལ་ཁབ་ཀྱི་འགྲོ་ལུགས་ལྟར་དབང་ཆ་དང་གྲལ་རིམ་གྱི་འཐབ་རྩོད་མིན་པར་བོད་ཀྱི་བདེན་མཐའ་སེལ་ཐབས་ལ་ཐབས་བརྒྱ་ཇུས་སྟོང་གི་སྲིད་ཇུས་གཏན་ཁེལ་ཐོག་ནས་ལས་རིམ་བསྒྲིགས་ཏེ་བོད་རྒྱལ་ཁབ་འགྱེལ་ས་ནས་ཡར་འདྲེན་དགོས་པ་དང་བོད་མི་མང་ལ་བདེ་སྐྱིད་སླར་གསོ་ཐུབ་མཚམས་ཕྱི་ནང་གི་ལས་དོན་མཐའ་དག་བོད་མི་རང་ཉིད་ནས་ཐག་བཅོད་འགན་ཁུར་ཐུབ་པའི་ཆོད་སེམས་ཀྱི་སྲིས་ཇུས་དགོས། དེ་བཞིན་རང་གཞུང་གི་འཛིན་སྐྱོང་སྡེ་ཚན་མི་སྣ་གལ་འགངས་ཆེ་བས་ཁྲིམས་དང་སྒྲིག་གཞི་དེབ་གཟུགས་སུ་མིན་པར་དྲང་བདེན་ཁོད་སྙོམས་ཀྱིས་ཕྱག་བསྟར་ཐུབ་པ་ཞིག་བྱུང་ཚེ་བོད་དོན་བདེན་མཐའ་མ་སེལ་བར་དུ་གཞིས་ཆགས་དང་དེ་མིན་སྒྲིག་འཛུགས་ཁག དེ་བཞིན་བྱས་ནས་འཛིན་སྐྱོང་གི་བསླུ་བ་མེད་པ་སྲ་བརྟན་ཚགས་ཚུད་ཐོག་གནས་དགོས་པར་བརྟེན། རང་ནུས་གང་ཐུབ་འབད་བརྩོན་ཞུ་རྒྱུ།
དྲི་བ། ༣ སྐུ་ཉིད་ཀྱིས་འདས་པའི་གྲོས་ཚོགས་ནང་མ་འགྲིག་ས་གཙོ་བོ་དང་འཐུས་ཤོར་ཕྱིན་པ་གཙོ་བོ་ག་རེ་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ། དེའི་ཐོག་དགོངས་ཚུལ་ག་རེ་ཡོད།
ལན།༣ སྤྱིར་བཏང་སྤྱི་འཐུས་ལྷན་ཚོགས་ནི་བོད་གཞེས་བྱེས་གཉིས་ཀྱི་ཁྲིམས་མཐུན་མང་ཚོགས་ཀྱི་སྐུ་ཚབ་ཡིན་པ་ཞིག་ལ་ངོས་འཛིན་ཡོད་པ་དང། དེའི་བསྒྲུབ་བྱའི་དམིགས་ཡུལ་ནི་མི་མང་གི་མངོན་འདོད་དང་མཐུན་པའི་ཐོག་ནས་ཁྲིམས་དང་སྒྲིག་གཞི་གཏན་འབེབས་དང་གཞུང་གི་ལས་དོན་ཚགས་ཚུད་ལ་དཔྱད་ཞིབ་དང་འབྲེལ་ལས་དོན་འཐུས་ཚང་ཞུ་དགོས་ངེས་ཀྱང་། ད་ལམ་ཀྱང་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་ཡུན་རིང་མང་ཚོགས་ཀྱི་མངོན་འདོད་དང་ཡོངས་སུ་འགལ་ཏེ་དགྲ་དགའ་གཉེན་སྡུག་གི་བཀའ་བསྡུར་མང་དག་ཅིག་གླེང་སློང་བྱུང་བས་གཞིས་བྱེས་བོད་མི་ཐུགས་ཕམ་ཅི་ཆེ་བྱུང་བ་ཕྲན་ཡང་དེ་ཙམ་ཡིན།
དྲི་བ། ༤ གལ་སྲིད་༸གོང་ས་མཆོག་གིས་བོད་ཀྱི་སྲིད་ཀྱི་ཐུགས་འགན་མ་བཞེས་ཚེ་བཅའ་ཁྲིམས་ལ་བསྒྱུར་བཅོས་གང་དགོས་དང། ད་ལྟའི་བཅའ་ཁྲིམས་ནང་གི་སྡེ་སྲིད་ལྷན་ཚོགས་བསྐོ་སྟངས་ཐོག་དགོངས་ཚུལ་ག་རེ་ཡོད།
ལན།༤ སྤྱིར་བཏང་བཅའ་ཁྲིམས་གཏན་འབེབས་གནང་རྗེས་ཁྲིམས་ལ་བྱང་ཆུབ་པའི་ཁྱད་གནད་མི་སྣས་འགྲེལ་བརྗོད་གནང་སྐབས་བཅའ་ཁྲིམས་ནི་བླ་ན་མེད་པ་དང་གོང་ན་མེད་པ་ཞེས་པ་དང། དེ་བཞིན་བོད་གཞེས་བྱེས་གཉིས་ཀྱི་དབུ་ཁྲིད་ནི་བླ་ན་མེད་པ་དང་གོང་ན་མེད་པ་ཞེས་གཞེས་བྱེས་བོད་མི་ས་ཡ་དྲུག་གི་བལྟ་བའི་མིག་དང་ཁོག་པའི་སྙིང་ཇི་བཞིན་བརྩི་བཀུར་ལས་བཅའ་ཁྲིམས་རིན་པོ་ཆེའི་འོག་ཚུད་མིན་ལ་བོད་མི་སུའི་ཐད་ནས་ཚིག་ཟུར་ཙམ་ཡང་གླེང་སློང་མེད་གཤིས། མ་འོངས་པར་གལ་སྲིད་༸གོང་ས་མཆོག་གིས་སྲིད་ཀྱི་ཐུགས་འགན་མ་བཞེས་ཚེ་བཅའ་ཁྲིམས་ལ་བསྒྱུར་བཅོས་གང་དགོས་མིན་ཐད་བཀའ་གདམས་གླེགས་བམ་ལས། ཀྱེ་གངས་ཅན་མགོན་པོ་སྤྱན་རས་གཟིགས། གནས་དེ་ན་ཁྱེད་ཀྱི་ཞིང་ཁམས་ཡོད། ཞིང་དེ་ན་ཁྱེད་ཀྱི་གདུལ་བྱ་ཡོད། ཅེས་ལུང་བསྟན་བསྐལ་བ་བརྒྱ་ཕྲག་མང་པོའི་སྔོན་ཟིན་པ་ལྟར་དེ་འདྲའི་གནས་སྟངས་མི་ཆགས་པའི་སླད་བོད་མི་སྤྱི་མཐུན་གྱིས་བསོད་ནམས་གསོག་དགོས་པ་དང་གཅིག་བསྒྲིལ་གྱི་ནུས་ཤུགས་ལ་དམ་གཟབ་ཤུགས་སྣོན་རྒྱག་དགོས།
དྲི་བ། ༥ ད་ཡོད་ཀྱི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་སྒྲིག་འཛུགས་ཀྱི་འགྲོ་སྟངས་དེ་མ་འགྲིག་པ་དང་འགྱུར་བ་གཏོང་དགོས་པ་དེ་འདྲ་གཟིགས་ཀྱི་ཡོད་དམ།
ལན།༥ ད་ཡོད་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་ལ་འགྱུར་བ་གཏོང་དགོས་པའི་གནས་བབ་ཅིག་ཏུ་སླེབས་མེད་པར་སྙམ། ད་ལྟའི་གྲུབ་ཆ་འདི་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་སྐུ་ཚབ་མིང་དོན་མཚུངས་པ་དགོས་པ་རྒྱུ་མཚན་མང་པོར་དགོངས་བཞེས་ཀྱིས་གཏན་འབེབས་ཕྱག་ལེན་བསྟར་བཞིན་པར་བརྟེན། དམིགས་བཀར་གྲུབ་ཆ་འདིའི་འོག་ཐོབ་ཐང་བྲལ་བ་མང་ཚོགས་ཀྱི་མངོན་འདོད་ཀྱང་མེད་གཤིས། ཅི་སྟེ་བོད་ལ་བསྟན་སྲིད་ཀྱི་བདེ་སྐྱིད་ཀྱི་ཉི་མ་ཤར་མཚམས་ས་ཁུལ་དང་མི་འབོར་ལ་དཔག་པའི་སྤྱི་འཐུས་སྐུ་ཚབ་ཡོང་ཆོག །
{jcomments on}