པཱ་ཀི་སི་ཐན་གྲང་ཉུང་མི་རིགས་ཀྱི་བློན་ཆེན་ལྐོག་གསོད།

ཟླ་འདིའི་ཚེས་༢༢ ཉིན་པཱ་ཀི་སི་ཐན་ནས་བྷི་བྷི་སིའི་གསར་འགོད་པས་གནས་ཚུལ་སྤེལ་བ་ལྟར་ན། པཱ་ཀི་སི་ཐན་གྱི་གྲོས་ཚོགས་ནང་ཡི་ཤུའི་ཆོས་ལུགས་བྱེད་མཁན་བློན་ཆེན་ཅིག་ཁོ་ན་ཡོད་པ་ནི། གྲང་ཉུང་མི་རིགས་ཀྱི་བློན་ཆེན་ཤཱ་བྷ་ཛི་བྷ་ཊི་ཡིན་པ་དང། ཁོང་གིས་འདས་པའི་དུས་ཡུན་ནང་པཱ་ཀི་སིན་ནང་ཡོད་པའི་གྲང་ཉུང་མི་རིགས་ཁག་དང། ལྷག་དོན་ཡི་ཤུའི་ཆོས་ལུགས་པ་ཚོའི་དཀའ་ངལ་སེལ་ཆེད་དུ། པཱ་ཀི་སི་ཐན་ནང་ལོ་མང་པོའི་རིང་རྒྱུན་འབྱམས་སུ་ཕྱིན་པའི་ཆོས་ལུགས་ཕྱོགས་ལྷུང་ཅན་གྱི་བཅའ་ཁྲིམས་སྒྱུར་བཅོས་ཀྱི་ཆེད་དུ་ལས་དོན་མང་པོ་བསྒྲུབས་ཡོད་པ་དང། པཱ་ཀི་སི་ཐན་ནང་ཡོད་པའི་ཡི་ཤུའི་ཆོས་ལུགས་པ་ཚོས་བློན་ཆེན་ཤཱ་བྷ་ཛི་ཁོང་ཚོའི་ཕ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

པཱ་ཀི་སི་ཐན་ནང་ཆོས་ལུགས་ཀྱི་བཅའ་ཁྲིམས་ནམ་ཡང་སྒྱུར་བཅོས་གཏོང་མི་ཆོག་པའི་བསམ་ཚུལ་འཛིན་མཁན་ཕྱོགས་ལྷུང་བ་མང་པོ་ཡོད་པ་དང། ལྷག་དོན་ལུང་པ་དེའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་ཡོང་བའི་ཏ་ལའི་བྷན་སོགས་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོས། པཱ་ཀི་སི་ཐན་གྱི་ཆོས་ལུགས་བཅའ་ཁྲིམས་ལ་ཐེ་ཏོག་བྱས་ཏེ། སུ་ཞིག་གིས་ཆོས་ལུགས་སྒྱུར་བཅོས་བཏང་ན་ལྐོག་གསོད་གཏོང་ངེས་ཡིན་ཞེས། བརྙན་འཕྲིན་བརྒྱུད་ཐག་སོགས་ནས་མི་གཟུགས་མངོན་པ་མི་གསལ་བའི་ཐོག་ནས་ཉེན་བརྡ་གཏོང་གི་ཡོད་པ་དང། ལོ་འདིའི་ཟླ་བ་དང་པོའི་ནང་པཱ་ཇིབ་མངའ་སྡེ་བློན་ཆེན་སཱལ་མན་ཏཱ་སར་གྱིས། ཆོས་ལུགས་བཅའ་ཁྲིམས་ལ་ངོ་རྒོལ་བྱས་པ་དང་ཡུན་རིང་མ་སོང་བ་ལྐོག་གསོད་བཏང་ཡོད་པ་རེད།

ད་ཐེངས་གྲང་ཉུང་མི་རིགས་ཀྱི་བློན་ཆེན་ཤཱ་བྷ་ཛི་བྷ་ཊི་ལའང་། འཇིགས་སྐུལ་རིང་ལུགས་པ་ཚོས་ཡིག་ངག་གཉིས་ཐོག་ནས་འཇིགས་སྐུལ་མང་པོ་བྱས་པའི་མཐར། མགོ་ལུས་ཚང་མ་རས་ཀྱིས་བཏུམས་པའི་ལྐོག་གསོད་བ་མི་གསུམ་གྱིས། བློན་ཆེན་ནང་ནས་ལས་ཁུངས་སུ་འགྲོ་ལམ་དུ་རླངས་འཁོར་བཀག་ནས་མེ་མདའ་གང་བྱུང་བརྒྱབ་སྟེ་ལྐོག་གསོད་བཏང་ཡོད་པ་དང། སྐབས་དེར་བློན་ཆེན་ལ་སྐུ་སྲུང་བ་སོགས་གང་ཡང་མེད་པས་སྲུང་སྐྱོབ་དང་བྲོས་བྱོལ་བྱས་ཐུབ་མེད་པ་རེད། པཱ་ཀི་སི་ཐན་ནང་ཡོད་པའི་ཡི་ཤུའི་ཆོས་ལུགས་བྱེད་མཁན་དང་སློབ་མ་སོགས་ཀྱིས། གཞུང་གིས་ངེས་པར་དུ་ལྐོག་གསོད་ལག་དམར་བ་འཛིན་བཟུང་བྱས་ནས། གནད་དོན་གཙང་སེལ་བྱེད་དགོས་ཞེས་སྐད་འབོད་ཀྱིས་ཁྲོམ་སྐོར་བྱས་ཡོད་པ་རེད།