བོད་ནང་གསར་འགོད་པ་དང་ཡུལ་སྐོར་བ་བཀག་འགོག

ཟླ་འདིའི་ཚེས་༨ ཉིན་བྷི་བྷི་སིའི་གསར་འགོད་པས་པེ་ཅིང་ནས་གནས་ཚུལ་སྤེལ་བ་ལྟར་ན། དེང་སྐབས་དཀྱིལ་ཤར་ཁ་ཆེའི་ལུང་པ་ཁག་ཏུ། གཅིག་མཇུག་གཉིས་མཐུད་བྱས་ནས་མང་གཙོའི་ཆེད་དུ་མི་མང་སྒེར་ལངས་བྱེད་བཞིན་ཡོད་པ་དང། དེའི་རྐྱེན་གྱིས་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ཉེན་རྟོག་པའི་སྒྲིག་ཆས་གྱོན་མེད་པའི་གསང་ཉུལ་བ་ཤིན་ཏུ་མང་བ་དང། ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་ཆེད་དུ་བྱ་ར་བྱེད་མཁན་མི་སྣ་མང་པོ་བཀོད་སྒྲིག་བྱས་ཡོད་པས། མཚན་དཀྱིལ་ནང་དུ་ཡོད་མེད་ལ་གློ་བུར་དུ་ཞིབ་འཇུག་བྱེད་ཆེད་ཡོང་གི་ཡོད་པ་དང། ཨ་རིའི་གསར་འགོད་པ་ཞིག་ལ་ཉེན་རྟོག་པས་གཅར་རྡུང་བྱས་ནས་རྨས་སྐྱོན་ཕོག་ཡོད་རུང། རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་མགྲིན་ཚབ་པས། རྒྱ་ནག་གི་ཉེན་རྟོག་པས་ལས་དོན་བསྒྲུབས་པ་ལ་ང་ཚོས་དགག་བྱ་གང་ཡང་མེད་ཅེས་བརྗོད་ཡོད་པ་དང། པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་པས་གཞུང་འབྲེལ་གྱི་ཐོག་ནས། ཨ་རིའི་གསར་འགོད་པར་གཅར་བརྡུང་བྱས་པའི་སྐོར་ཁ་འཇུ་བརྒྱབ་ཡོད་རུང་དེ་ཙམ་ནུས་པ་ཐོན་མེད་པ་རེད།

དེ་བཞིན་ཉིན་གྲངས་འགའི་སྔོན་ནས་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་འགོ་འཛུགས་ཟིན་པ་དང། ས་གནས་འགའ་རེ་ནས་ཚོགས་ཆེན་གྱི་སྐབས་ཞི་རྒོལ་བྱེད་འཆར་ཡོད་པའི་གནས་ཚུལ་སྤེལ་མཁན་བྱུང་ཡོད་པས། སྔོན་དུས་དང་མི་འདྲ་བ་ཉེན་རྟོག་པས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་དང། དེ་བཞིན་༢༠༠༨ ལོའི་ཟླ་༣ ཚེས་༡༠ ཉིན་བོད་ཀྱི་ས་ཁུལ་མང་པོ་ཞིག་ནས་ཞི་རྒོལ་ཆེན་པོ་བྱས་ཡོད་པ་དང། ཟླ་འདིའི་ཚེས་༡༠ ཉིན་བོད་དུ་ཞི་རྒོལ་ཆེན་པོ་བྱས་ནས་ལོ་གསུམ་ཧྲིལ་པོ་འཁོར་གྱི་ཡོད་པས། ད་ལྟའི་སྐབས་པེ་ཅིང་ནས་བོད་དུ་ཡུལ་སྐོར་ལ་འགྲོ་མཁན་གྱི་ཕྱི་གླིང་བ་དང། དམིགས་སུ་བཀར་ནས་གསར་འགོད་པ་སོགས་ལ་དམ་དྲག་བྱས་ནས། བོད་དུ་འགྲུལ་བཞུད་ཀྱི་ཆོག་མཆན་སྤྲད་མེད་པའི་ཐོག་རྒྱ་ནག་གིས་ཉེན་རྟོག་པ་ཚོས། ཕྱི་རྒྱལ་གྱི་གསར་འགོད་པ་ཚོ་ཆེད་དུ་བསྐོངས་ནས་ཐོངས་ཆན་ཡོད་མེད་ལ་ཞིབ་འཇུག་བྱས་པ་དང། པར་ཆས་དང་གཟུགས་མཐོང་བརྙན་པར་ནང་པར་དང་སྒྲ་འཇུག་ག་རེ་བྱས་ཡོད་མེད་ལ་ཞིབ་འཇུག་བྱས་ཡོད་པ་རེད།།

{jcomments on}