འཕྲོད་བསྟེན་ཉེན་སྲུང་ལྟ་བུའི་སྨན་བཅོས་ལས་གཞི།

གསར་འགོད་གསལ་བསྒྲགས་ཀྱི་ནང་དུ་འཁོད་དོན། ད་ཆ་བཙན་བྱོལ་བོད་མིའི་གཞི་རིམ་འཕྲོད་བསྟེན་གནས་བབས་འོས་འཚམས་ཡོད་རུང། ནད་གཞི་ཚབས་ཆེའི་དབང་གིས་སྨན་ཁང་ནང་ཡུན་རིང་བཅོས་སྡོད་དགོས་པའི་གཞི་རིམ་གཉིས་པ་དང་གསུམ་པའི་སྨན་བཅོས་བྱ་དགོས་རིགས། ས་གནས་ཕྱིའི་སྨན་ཁང་འདྲ་མིན་དུ་བསྟེན་གཏུགས་བྱ་དགོས་ཀྱིས་འགྲོ་གྲོན་དཀའ་ངལ་འཕྲད་བཞིན་པ་རྣམས་ལ་འཕྲོད་བསྟེན་ལས་ཁུངས་ནས་སྨན་གྲོན་བརྒྱ་ཆ་གང་འཚམ་རེ་གནང་སྲོལ་ཡོད་ཀྱང། གཞུང་གྲོན་ཆེ་ལ་མང་ཚོགས་ལ་ཕན་ཐོགས་ཆ་ཚང་མེད་པ་ཞིག་ཏུ་ཉམས་མྱོང་དངོས་བྱུང་ལ་བརྟེན། ད་ཆ་བཙན་བྱོལ་བོད་མི་ཡོངས་ལ་གཞི་རིམ་གཉིས་པ་དང་གསུམ་པའི་སྨན་བཅོས་ལྟ་སྐྱོང་སྤྱི་སྙོམས་ཡོང་སླད་བོད་མིའི་དྭང་བླང་འཕྲོད་བསྟེན་ཚོགས་པའི་དམིགས་ཡུལ་ལྟར། འཕྲོད་བསྟེན་ཉེན་སྲུང་ལྟ་བུའི་ཛ་དྲག་སྨན་བཅོས་ཉེན་སྐྱོབ་ཀྱི་ལས་གཞི་ཞིག་གཞུང་མང་མཉམ་རུབ་ཀྱིས་ལག་བསྟར་བྱ་རྒྱུ་བཀའ་ཤག་ནས་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་ཞེས་གཏན་འབེབས་བཀའ་འཁྲོལ་དང་སྦྲགས་ལམ་སྟོན་ཕེབས་པ་བཞིན། ཕྱི་ལོ་༢༠༡༡ ཟླ་༤ ཚེས་༤ ནས་འགོ་འཛུགས་ཀྱིས་ཕྱི་ཟླ་༡༠ ཚེས་༡ བར་ཟླ་དྲུག་ནང་ཚུད་ཐོ་འགོད་དེབ་སྐྱེལ་ཐུབ་པ་བྱས་ཏེ། ཕྱི་ཟླ་༡༠ ཚེས་༡ ནས་ལས་གཞི་དངོས་སུ་འགོ་འཛུགས་བྱ་རྒྱུ་ཡིན་ཞེས་འཁོད་འདུག

paljor_tsering02མུ་མཐུད་འཁོད་དོན། ལས་གཞི་འདི་ནི་དེང་དུས་དང་མཐུན་ཞིང་གསར་གཏོད་ཀྱི་རང་བཞིན་ཞིག་ཀྱང་ཡིན་པས་སྔོན་ཚུད་ནས་ཞིབ་ཚགས་རྟོག་ཞིབ་གཟབ་ནན་དགོས་པ་ཡིན། ལས་གཞི་འདིའི་ཁོངས་སུ་ཞུགས་མིན་རང་མོས་ཡིན་ཡང། གལ་ཏེ་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཁོངས་སུ་ཞུགས་བློ་མེད་རིགས་ལ་༢༠༡༡ ཟླ་༡༠ ཚེས་༡ ནས་ད་ཡོད་ཛ་དྲག་སྨན་བཅོས་མཐུན་འགྱུར་ཡང་ཐོབ་རྒྱུ་མིན། སྨན་བཅོས་ལྟ་སྐྱོང་ལས་གཞི་འདིའི་ཁོངས་ནང་མི་ལྔ་ཅན་བར་གྱི་ཁྱིམ་ཚང་ཞིག་ལ་གཞི་རིམ་གཉིས་པ་དང་གསུམ་པའི་སྨན་བཅོས་འགྲོ་གྲོན་ཆེད་ལོ་རེར་མཐོ་ཚད་སྒོར་འབུམ་གཅིག་བར་འཐོབ་རྒྱུ་ཡོད་པ་དང། དེ་ལ་ཕན་པར་ནང་མི་ལྔ་ཅན་བར་གྱི་ཁྱིམ་དུད་རང་ངོས་ནས་ལོ་རེར་བསྡུ་ཆ་སྒོར་༣༥༦༥ ལས་འབུལ་དགོས་མེད། ཞིབ་ཕྲའི་ལས་རིམ་འགྲོ་སྟངས་རིམ་པས་མང་ཚོགས་ལ་ལམ་སྟོན་དང་གསལ་བསྒྲགས་ཡོང་རྒྱུ་ཞེས་འཁོད་འདུག

དེའི་སྐོར་དཔལ་འབྱོར་བཀའ་བློན་མཆོག་གིས་གསུང་དོན། བཙན་བྱོལ་བོད་མིའི་འཚོ་བའི་གནས་སྟངས་དང་ཟས་སྤྱོད་ཀྱི་རྐྱེན་གྱིས་ནད་མནར་ཚབས་ཆེན་རིགས་དེ་འདྲ་ཡོང་གི་འདུག དེ་དག་རིམ་པས་ཕྱིན་ན་སྒེར་སོ་སོ་ནས་འགྲོ་སོང་ཐད་དཀའ་ངལ་ཡོང་ས་རེད་འདུག དེར་བརྟེན་མི་མང་མཉམ་རུབ་ཀྱིས་མི་མང་གི་བདེ་སྡུག་ཁྱབ་ཐུབ་པ་ཞིག་བྱུང་ན་བསམ་པ་རེད། ད་བར་བོད་གཞུང་གི་ངོས་ནས་ཡོང་འབབ་ཀྱི་བརྒྱ་ཆ་༡༤ ཙམ་སྨན་བཅོས་ཆེད་གཏོང་གི་ཡོད་པ་རེད་ཅེས་སོགས་འགྲེལ་བརྗོད་གནང་སོང།།

{jcomments on}