བལ་ཡུལ་དུ་བོད་མིའི་ལོ་སར།

ཕྱི་ཟླ་༣ ཚེས་༥ ཉིན་སྟེ་བོད་ཀྱི་ལོ་སར་ཚེས་གཅིག་ནི་རེ་བ་དང་ཡིད་ཆེས་ཀྱིས་གཏམས་པའི་ལོ་ཟླ་གསར་པ་ཞིག་གི་དབུ་ཁྱུད་དེ། འབྱུང་འགྱུར་གྱི་ལོ་འཁོར་ཧྲིལ་པོ་གཅིག་གི་ཉིན་ཞག་སུམ་བརྒྱ་དྲུག་ཅུའི་གོམ་འགྲོས་ཐོག་མ་དེ་ཡིན་པས། བལ་ཡུལ་དུ་བོད་མི་ཚོས་བོད་རྒྱལ་ལོ་༢༡༣༨ རབ་གནས་ལྕགས་ཡོས་གནམ་ལོ་གསར་ཚེས་ཀྱི་རྟེན་འབྲེལ་དགའ་སྟོན་དེ་གནས་ཡུལ་ས་གནས་ཀྱི་གནས་སྟངས་དང་བསྟུན། རྣམ་པ་འདྲ་མིན་ཐོག་སྲུང་བརྩི་བྱས་ཡོད་ལ་གཞུང་འབྲེལ་ཐོག་ཚེས་གཅིག་གི་ཞོགས་པ་སྔ་མོར་སྤྱི་ཚོགས་ཁྲོད་གྱི་གནད་ཡོད་མི་སྣ་དང་ཚོགས་སྡེ་ཁག་གི་འཐུས་ཚབ། བོད་མི་སྒེར་བཅས་བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་ཁང་ལ་བཅར་ནས། བོད་ཀྱི་དབུ་ཁྲིད་༸གོང་ས་མཆོག་གི་སྐུ་པར་དང་བཞུགས་ཁྲི་མཆོད་བཤོམ་ལ་རྟེན་འབྲེལ་གྱི་ཁ་བཏགས་འཐེན་ཞོར་དོན་གཅོད་པར་མཚམས་འདྲི་སོགས་ཕན་ཚུན་ལ་ཁམས་འདྲི་ཞུ་རེས་བྱེད་པའི་རྟེན་འབྲེལ་བྱེད་སྒོ་སྤེལ་ཡོད་པ་རེད།

བོད་ཚེས་གསུམ་ཆོས་སྐྱོང་གི་ལོ་སར་ཞེས་གཞུང་ཕྱོགས་ནས་མཛད་སྒོའི་སྒྲིག་རིམ་ཞིག་སྔ་མོ་བོད་ནང་ནས་དར་ཡོད་པ་ལྟར། ཚེས་གསུམ་ཉིན་བོད་མི་ཚོ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་ལ་འཛོམས་ནས་༸གོང་ས་མཆོག་གི་སྐུ་པར་མཆོད་རྟེན་སྐོར་ལམ་ལ་ཞབས་སྐོར་དུ་གདན་ཞུ་བྱས་ཐོག་གཞུང་དགོན་བསམ་གཏན་གླིང་དང། མཆོད་རྟེན་སྐུ་མདུན་བཅས་སུ་གཞུང་འབྲེལ་བསང་གསོལ་བྱེད་སྒོ་རྒྱ་ཆེན་སྤེལ། ༸གོང་ས་མཆོག་གི་བཞུགས་ཁྲི་ལ་ཁ་བཏགས་འཐེན་པ། རང་ཁམས་གང་བསྟུན་གྱི་རླུང་བསྐྱེད་དར་འཛུགས་བྱེད་པ་སོགས་བྱས་ཡོད་ལ། སྐབས་དེར་བོད་མི་མང་སྤྱི་འཐུས་སོགས་བོད་མིའི་སྤྱི་ཚོགས་ཀྱི་གནད་ཡོད་མི་སྣ་དང་སེར་སྐྱ་བོད་མི་སྟོང་ཕྲག་བརྒལ་བ་འཛོམས་ཡོད་པ་རེད།

བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པས་མི་ཚོགས་འཛོམས་སར་བོད་མི་ཚོར་ལོ་སར་རྟེན་འབྲེལ་ཞུ་ཞོར་བལ་ཡུལ་རྒྱལ་ནང་དུ་བོད་མི་སྟོང་ཕྲག་བཅོ་ལྔ་ཙམ་ཡོད་པ་ཚོ་བོད་ཀྱི་བདེན་མཐའ་མ་སེལ་བར་དུ་འདིར་འཚོ་སྡོད་བྱས་ནས་སྡོད་དགོས་པ་ཡིན་པས། བོད་མི་ཚོས་གནས་ཡུལ་རྒྱལ་ཁབ་གྱི་ཁྲིམས་ལ་བརྩི་སྲུང་བྱེད་དགོས་པ་དང། བོད་མི་ཚོས་གསུམ་ཅུའི་དུས་དྲན་གཙོས་དུས་ཆེན་ཁག་ལ་ཆོས་ཕྱོགས་ཙམ་གྱི་བྱེད་སྒོ་ལས་སྤེལ་མི་ཆོག་པའི་བཀའ་བཏང་བྱུང་བས་ཡུལ་ཁྲིམས་ལ་བརྩི་སྲུང་བྱེད་དགོས་དང་། ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་ཁུར་རྒྱུ་གལ་ཆེན་པོ་ཡིན་པ་སོགས་གསལ་བཤད་བྱས་ཡོད།

དེ་བཞིན་ད་དུང་ཚེས་གསུམ་ཉིན་གྱི་དགོང་མོ་བལ་ཡུལ་ཀཱ་ཐ་མན་ཀྲུ་ས་གནས་བོད་ཀྱི་གཞོན་ཞུ་ཚོགས་པས་བོད་མི་མཉམ་འཛོམས་སྤྲོ་སྐྱིད་ཀྱི་བྱེད་སྒོ་ཞིག་སྤེལ་ཡོད་པ་རེད། ལོ་སར་དང་བསྟུན་བལ་ཡུལ་དུ་སྔ་ས་ནས་ཁྲོམ་ར་འཁྲུག་ཆ་དོད་ལ་ཟང་ཟིང་ཆེ་བ་དང་མི་ཚོས་བརྗོད་བཞིན་པ་གཙོ་བོ་ནི་འཁྲུག་ཆ་དང་མཉམ་ཚོང་ཟོག་གི་རིན་གོང་སྤར་པ་དེ་རེད་འདུག

དེ་ལྟར་ན་བོད་ས་སྟོད་སྨད་བར་གསུམ་དང་ད་ལྟའི་བོད་ཕྱི་ནང་གི་ཡུལ་ལུང་སོ་སོའི་ཐུན་མོང་མ་ཡིན་པའི་འཚོ་བའི་གོམས་གཤིས་ཀྱི་རྐྱེན་པས་ལོ་གསར་གཏོང་སྟངས་ལ་ཡང་ཁྱད་པར་ཕྲན་ཙམ་ཡོད་སྲིད་མོད།  སྤྱི་ཡོངས་ཀྱི་ཆ་ནས་སྐུ་རྒྱལ་བོད་ཀྱི་ལོ་སར་ནི་བོད་སྤྱི་ལ་དབང་བའི་བཀྲ་ཤིས་གཡང་འཁྱིལ་གྱི་དུས་སྟོན་ཅིག་ཡིན།
བལ་ཡུལ་གསར་འགོད་པས།