དྷ་སར་གསུམ་བཅུའི་དུས་དྲན་ཐེངས་༥༢ པ་སྲུང་བརྩི།
ཐོག་མར་བོད་གཞུང་ཟློས་གར་ཁང་གི་རྔ་རོལ་གྱི་སྒྲའི་ཁྲོད་ནས་བཙན་བྱོལ་བོད་གཞུང་གི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་བཞུགས་གྲལ་དུ་འཁོད་རྗེས། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཀྱང་ཞབས་སོར་འཁོད་ནས། བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་སོང།
དེ་རྗེས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུམ་བཅུའི་དུས་དྲན་ཐེངས་༥༢ པའི་ཐོག་གི་བཀའ་ཤག་གི་གསུང་བཤད་སྒྲོག་སྦྱངས་གནང་བ་དང། དེ་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་སྒྲོག་སྦྱངས་གནང།
མཐའ་མར་༧གོང་ས་མཆོག་གིས་གསུམ་དུས་གསུང་འཕྲིན་སྒྲོག་སྦྱངས་མ་གནང་གོང། བཀའ་སློབ་ཕེབས་དོན། དེ་རིང་འདིར་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དང། བདེན་དོན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་རྣམ་པ་མཚོན་པ་ལ་ཨ་རིའི་གྲོགས་པོ་རིའི་ཆར་ཌི་བྷུ་རམ་དང། དེ་བཞིན་མི་ཁས་ཤིག་འདུག དེ་དག་དང་ལྷག་པར་དུ་རྒྱ་རིགས་སྤུན་ཟླའི་ནང་ནས་རང་དབང་དང་བདེན་དོན་ལ་སོ་སོ་སྒེར་གྱི་ངོས་ནས་མོས་པ་དང་ཡིད་ཆེས་ཀྱི་ཐོག་ནས། སྤྱི་ཚོགས་ཀྱི་ནང་ལ་ཡིན་ཡང་སོ་སོའི་ཡིད་ཆེས་དེ་མི་ལ་ཕར་བསྟན་ནས། དེ་འདྲའི་རང་དབང་བདེན་པའི་འཐབ་རྩོད་བྱེད་མཁན་གྲོགས་པོ་མང་པོ་ཞིག་ང་ཚོ་བོད་པའི་རང་དབང་བདེན་དོན་འཐབ་རྩོད་བྱེད་པར་གདུང་སེམས་མཉམ་བསྐྱེད་དང། ལྷག་པར་དུ་བོད་ཀྱི་བདེན་དོན་ཐོག་ལ་རྒྱ་མི་རིགས་ཚོས་བདེན་དོན་གྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་རྣམ་འགྱུར་སྟོན་པར་ཁོ་རང་ཚོ་ཆེད་མངགས་འདིར། བར་སྐབས་ལོ་ཤས་ནས་འཆར་ཅན་ལྟར་ཡོང་སྡོད་ཀྱི་འདུག དེ་ཡང་གནད་འགག་ཆེན་པོ་ཞིག་འདུག གང་ལྟར་བོད་ཀྱི་དཀའ་ངལ་དེ་རྒྱ་ཕྱོགས་ནས་བྱུང་བསྡད་པ་ཞིག་རེད། དེར་བརྟེན་དཀའ་ངལ་འབྱུང་ས་དེའི་རྒྱ་ཆེའི་མི་མང་གི་ངོས་ནས་བདེན་པ་བདེན་པར་ངོས་འཛིན་པའི་ཐོག་ནས་བདེན་དོན་ལ་རྒྱབ་སྐྱོར་བྱེད་ཟེར་བ་དེ། ཕན་ཚུན་གཉིས་ཕན་ཞིག་གི་ཐོག་ནས་དཀའ་ངལ་སེལ་ཐུབ་པའི་ཆ་རྐྱེན་གལ་ཆེ་ཤོས་ཤིག་ཆགས་བསྡད་ཡོད་པ་རེད། ཁྱེད་རང་ཚོ་རྒྱ་རིགས་གྲོགས་པོ་དངོས་སུ་ཕེབས་པ་ཚོས་ཁྱེད་རང་ཚོ་བརྒྱུད་ནས་རྒྱ་རིགས་གྲོགས་པོ་བདེན་དོན་ལ་རྒྱབ་སྐྱོར་བྱེད་མཁན་དང། དངོས་ཡོད་གནས་ཚུལ་རྟོགས་མཁན་ཚང་མ་ལ་དམིགས་བསལ་གྱི་འཚམ་འདྲི་ཞུ་ཡི་ཡོད། ཐུགས་རྗེ་ཞེས་ཞུ་ཡི་ཡོད་ཅེས་བཀའ་སློབ་བསྩལ་རྗེས། གསུང་འཕྲིན་སྒྲོག་སྦྱངས་གནང་སོང།
མཛད་སྒོ་མཇུག་གྲུབ་རྗེས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་གོ་སྒྲིག་འོག གཙུག་ལག་ཁང་ནས་དྷ་ཤོད་ཀཱ་ཅ་རི་བར་མི་མང་གིས་སྐད་འབོད་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་རེད། སྐད་འབོད་ཁྲོམ་སྐོར་ཁྲོད་དུ་བོད་མི་དང་ཕྱི་རྒྱལ་བ་སོགས་མི་གྲངས་སྟོང་ཕྲག་མང་པོ་འདུ་འཛོམས་བྱུང་ཡོད་པ་རེད། ཐེངས་འདིའི་གསུམ་བཅུའི་དུས་དྲན་ཐོག་ཨ་རི་དང། ཨོ་སི་ཁྲུ་ལི་ཡ་སོགས་ནས་རྒྱ་མི་རིགས་ཁག་ཅིག་ཆེད་བཅར་བྱས་འདུག་པ་མ་ཟད། ཨ་རི་ནས་སྐུ་མགྲོན་ཁག་ཅིག་ཆེད་བཅར་བྱས་འདུག །
{jcomments on}