བོད་པ་ལ་ཆེས་དཀོན་པའི་བཻཌཱུརྱའི་བུམ་པ་མཁས་དབང་བློ་བཟང་སེང་གེ

ཧ་ཝར་ཌི་ཁྲིམས་ལུགས་སློབ་གྲྭ་མཐར་ཕྱིན་སྐབས་རྒྱ་གར་ལ་ཕྱིར་ལོག་མེད་པའི་སྐྱོན་འཛུགས་བྱེད་སྐབས་བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་སློབ་ཡོན་ཚོགས་ཆུང་ནས་སྤྱི་ལོ་༢༠༠༥ལོའི་ཟླ༦པའི་ཚེས་༡༧ཉིན་ཕུལ་བའི་མཁས་དབང་བློ་བཟང་སེང་གེ་གནས་སྐབས་རྒམ་གར་དུ་ལོག་གནང་མི་དགོས་པའི་བདེན་དཔང་ཡིག་ཆ། སྤྱི་ལོ་༢༠༡༠ལོའི་ཟླ་༩པའི་ཚེས་༡༠ཉིན་གྱི་བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་༤༩༥ངོར་འཁོད་ཡོད། བློ་བཟང་སེང་གེས་དཔྱ་ཁྲལ་ལག་དེབ་ལ་དངུལ་ཆད་ཡོད་པའི་གཞི་མེད་སྐྱོན་འཛུགས་ལ་བོད་གཞུང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གིས་སྤྱི་ལོ་༢༠༡༠ལོའི་ཟླ་༡༡པའི་ཚེས༥ཉིན་གྱི་གསལ་བཤད་ཡིག་ཆ་སྤྱི་ལོ་༢༠༡༡ལོའི་ཟླ་༡པོའི་ཚེས་༢༠ཉིན་གྱི་བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་༥༠༩ངོར་འཁོདཡོད། མཁས་དབང་བློ་བཟང་སེང་གེ་དེ་སྔོན་རྒྱ་ནག་ཏུ་སོང་བ་དང༌། དེ་ཡང་བོད་གཞུང་བཀའ་ཤག་གིས་ཤེས་རྟོགས་མེད་པ་སོགས་ཀྱི་སྐྱོན་འཛུགས་ལ་སྤྱི་ལོ་༢༠༡༠ལོ་ཟླ་༡༠པའི་ཚེས་༢༥ཉིན་ཨ་རིའི་མེ་ནེ་སོ་ཊ་རུ་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་ཡིས་གསལ་བཤད་བྱས་ཡོད། བློ་བཟང་སེང་གེས་བོད་ཡིག་ཤེས་ཀྱི་མེད་པའི་སྐྱོན་འཛུགས་ཀྱི་བདེན་དཔང་ནི་སྤྱི་ལོ་༢༠༡༠ལོའི་ཟླ་༣པའི་ཚེས་༢༠ ཉིན་གྱི་བོད་ཀྱི་དུས་བབ་འདོན་ཐེངས་༤༧༩ངོར་འཛམ་གླིང་ནང་བོད་པའི་ལས་འགུལ་རིང་ཤོས་ཞེས་པའི་རྩོམ་ཞིག་སྤེལ་ཡོད། ཡང་སྤྱི་ལོ་༢༠༡༠ཟླ༥པའི་ཚེས་༣༡ཉིན་གྱི་བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་༤༨༦ངོར་བོད་གནས་ཡོད་ཀྱང་བོད་དོན་གྱི་ལས་འགུལ་གང་དུ་ཡོད་ཅེས་པ་སོགས་དཔྱད་རྩོམ་རིང་མོ་རྐྱང་རྐྱང་སྤེལ་ཡོད་པ་དེ་ཚོ་བོད་ཡིག་ཤེས་པའི་བདེན་དཔང་མ་རེད་དམ། འཐབ་གྲོགས་རྣམ་པ། དངོས་གནས་བོད་རྒྱལ་ཁབ་ཀྱི་ལ་རྒྱ་དང་མི་རིགས་ཀྱི་ཞེན་ཁོག་ཡོད་ན་ཤ་དང་རུས་པའི་གསེང་ནས་མཁྲེགས་འཛིན་དང་ཕྱོགས་ཞེན་གྱི་བསམ་བློ་ཡོངས་སུ་སྤངས་ཏེ་བློ་གཟུ་བོའི་ངང་ནས་བཀའ་ཁྲི་གདམ་རྒྱུ་ནི་ངེས་པ་དོན་གྱི་གལ་ཆེན་ཞིག་ལོས་ཡིན། འུ་ཚོ་བོད་པ་ཚང་གི་ལོ་རྒྱུས་ལ་ཕྱིར་མིག་ཅིག་ལྟོས་དང་གུ་དོག་དང་མཁྲེགས་འཛིན་གྱི་དབང་གིས་མཁས་དབང་དགེ་འདུན་ཆོས་འཕེལ་དང་ལུང་ཤར་རྡོ་རྗེ་ཚེ་རྒྱལ་འདྲ་བའི་བཅོས་བསྒྱུར་གྱི་བསམ་བློ་ཡོད་མཁན་གྱི་ཁ་གཏད་དུ་ལངས་ནས་མི་རབས་རྗེས་མ་བློ་པམ་པའི་གནས་སུ་བསྐྱལ་ཡོད་པ་ཤེས་གསལ་རེད། འུ་ཚོ་བོད་པ་ཚང་གི་མཁས་དབང་བློ་བཟང་སེང་གེ་ནི་དེ་སྔ་བལ་ཡུལ་དང་འབྲུག་སོགས་ཧི་མ་ལ་ཡའི་རི་རྒྱུད་ལ་གནས་ཡོད་པའི་མི་རིགས་ཚང་མའི་ནང་ནས་བྱུང་མྱོང་མེད་པའི་མི་སྣ་རྤབས་ཆེན་ཞིག་ཡིན་པ་མངོན་གསལ་རེད། དེ་ན་ཁོང་ལ་གཞི་མེད་སྐྱོན་འཛུགས་ཀྱི་སྡུག་ཉེས་སྤངས་ཏེ་བཀའ་ཁྲིར་གདམ་ན་འཚམ་པོ་རེད་སྙམ། འུ་ཚོའི་བཀའ་ཁྲི་གལ་ཆེན་དུ་བརྩི་བའི་རྒྱུ་མཚན་གཙོ་བོ་བོད་མིའི་བདེན་མཐའ་གསལ་རྒྱུའི་རེ་བ་ལོས་ཡིན། འུ་ཚོའི་གཏམ་དཔེར་ཨ་རོགས་ལ་ཉན་ས་དང་ཁྱིམ་མཚེས་ལ་ལྟ་ས་ཅེས་པའི་དཔེ་ལྟར། ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ལ་མཚོན་ན་དབྱིན་ཇིའི་མི་སེར་སྤེལ་ཡུལ་འོག་ནས་རང་བཙན་གཙང་མ་ལེན་མཁན་སེམསདཔའ་ཆེན་པོ་ག྄འན་དྷི་ཁྲིམས་རྩོད་པ་ཞིག་ཡིན་པ་མ་ཟད། ཁྲིམས་ལུགས་གཞི་ལ་བཞག་ནས་རང་བཙན་བླངས་པ་རེད།

ད་ལྟའི་དུས་སུ་ཨ་རྀ་སྲིད་འཛིན་ཨོ་བྷ་མ་དང་སྲིད་འཛིན་བྷི་ཤི་ ཐེ་ཝན་གྱི་སྲིད་འཛིན་མ་ཤོ་སོགས་ཁྲིམས་ལུགས་ཆེད་སྦྱངས་རྐྱང་རྐྱང་སྲིད་འཛིན་ལ་འདེམ་བསྐོ་བྱས་པ་དེ་ཚོར་རྒྱུ་མཚན་མེད་པ་ཅིག་ག་ལ་ཡིན། རྒྱ་ནག་གཙོ་བྱས་ནས་དམར་ཕྱོགས་རྒྱལ་ཁབ་འགའ་ཤས་མ་གཏོགས་འཛམ་གླིང་རྒྱལ་ཁབ་མང་ཆེ་བ་ཁྲིམས་ཀྱིས་དབང་ལུང་བསྒྱུར་ནས་ཁྲིམས་ལུགས་གཞི་ལ་བཞག་སྟེ་ཁྲིམས་ལ་ཡིད་ཆེས་བྱས་ནས་འགྲོ་བཞིན་ཡོད་པ་ཚང་མས་མཁྱེན་གསལ་རེད། དེ་སྔ་འུ་ཚོའི་ལོ་རྒྱུས་ཐོག་ལ་ཁྲིམས་ལུགས་མཁས་དབང་འདི་ལྟ་བུ་ཞིག་བྱུང་མྱོང་མེད་པས། མཁས་དབང་བློ་བཟང་སེང་གེ་ད་ལྟའི་བཀའ་ཁྲིར་གདམ་ན་འོས་འཚམ་ཡིན།  མཁས་དབང་བློ་བཟང་སེང་གེས་མ་འོངས་པར་ལོ་ལྔས་ནང་དུ་འེ་ཤ་ཡ་གཙོས་རྒྱ་ནག་ལ་འགྱུར་ལྡོག་མང་པོ་བྱུང་སྲིད་ལ། སྐབས་དེར་གོ་སྐབས་དམ་འཛིན་བྱས་ཏེ་སྲིད་དོན་ཐད་ཕྱག་ལས་མང་པོ་གནང་རྒྱུ་ཡོད་གསུངས་པ་དེ་ཚོས་ཁོང་སྲིད་དོན་པ་དང་གོ་སྐབས་དམ་འཛིན་གྱི་གཤིས་ལ་ཡོད་པའི་མི་ཞིག་ཡིན་པ་མཚོན་ཐུབ་ལ། དེ་འདྲའི་གཤིས་ལ་ད་ལྟ་ང་ཚོར་ངེས་པར་དུ་ཡོད་དགོས། ད་དུང་མཁས་དབང་བློ་བཟང་སེང་གེས་ལོ་རྒྱུས་དཻ་མགོ་རྙོག་པོ་ཡིན་པས། ཕར་ས་ཁྲ་ཞིག་བསྟན་ན་ཚོར་ས་ཁྲ་ཞིག་སྟོན་གྱི་རེད། ཕར་ཚེས་གྲངས་ཤིག་བཤད་ན། ཚུར་ཚེས་གྲངས་ཤིག་བཤད་ཀྱི་རེད། ཕར་བདེན་པ་ཞིག་བཤད་ན། ཚུར་བདེན་པ་ཞིག་བཤད་ཀྱི་རེད། འཇུ་ས་མེད་པ་ཞིག་ཆགས་སྲིད་ཀྱི་རེད། ནུས་པ་ཡོད་མཁན་གྱིས་དབང་འཛིན་བྱས་ནས་སྡོད་པ་རེད། ནུས་པ་མེད་མཁན་གྱིས་ཁྲིམས་གཞིར་བཞག་བརྩད་ནས་ཁྱེད་རང་གི་རྩ་ཁྲིམས་ནང་ཐོབ་ཐང་ཡོད་ཅེས་བཀོད་འདུག དེ་ལག་ལེན་བསྟར་དགོས་ཀྱི་ཡོད་ཅེས་རྩོད་སྐབས། ཁྲིམས་ལག་བསྟར་བྱས་ན་སོ་སོར་ཐོབ་ཐང་རེག་གི་ཡོད་པ་རེད། ལག་ལེན་མ་བསྟར་ན་ཕར་ཕྱོགས་ཁྲིམས་མཐུན་གྱི་གཞུང་ཡིན་ཞེས་པ་དེ་ཁུངས་མེད་ཆགས་འགྲོ་བ་རེད་ཅེས་གསུངས་བ་དེས་ཁོང་ཉིད་ངེས་པ་དོན་གྱི་རྒྱལ་སྤྱིའི་ཁ་ཕྱོགས་ལ་མཐོང་རྒྱ་ཆེ་བ་དང༌། ཁྲིམས་རྩོད་ཀྱི་ཉམས་མྱོང་ལྡན་པ་ནི་སྨོས་མེད་རེད།

དེས་ན་འུ་ཚོས་ཁོང་ལ་ངེས་པ་དོན་གྱི་གོ་སྐབས་ཞིག་སྤྲོད་དགོས་པ་རེད་སྙམ། ད་ལྟ་འུ་ཚོས་རྒྱ་ནག་ལ་སྤྲད་ཡོད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ནི་རྒྱ་ནག་གི་རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས་གཞི་ལ་བཞག་ནས་བཟོས་པ་རེད། དངོས་གནས་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ལ་འགྱུར་བ་མེད་ན། བཀའ་བློན་ཁྲི་བ་ཁྲིམས་ལུགས་མཁས་ཅན་ཞིག་ངེས་པར་དུ་དགོས་ངེས་རེད། མཁས་དབང་བློ་བཟང་སེང་གེས་བཀའ་ཁྲི་ལ་གདམ་ན་ྋགོང་ས་སྐྱབས་མགོན་ཆེན་པོས་ལོ་ཆུང་ཤོས་འབྱོན་གཉིས་ལྡན་ཞིག  རབ་ན་བུད་མེད་ཅིག་གསུངས་བ་དེའི་དགོངས་གཞི་དང་པོ་མིན་གཉིས་པ་འགྲུབ་ཡོད། ཡང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་བཀའ་ཁྲི་ཐེངས་གཉིས་པའི་དམ་བཅའ་བཞག་རྗེས། ྋགོང་ས་སྐྱབས་མགོན་ཆེན་པོས་གསར་འགོད་པའི་དྲི་བ་ལ་ན་འདེབས་མཛད་སྐབས་ངའི་རེ་བ་ལ་ལོ་ཆུང་ཤེས་འབྱོན་གཉིས་ལྡན་ཞིག  རབ་ན་བུད་མེད་ཅིག་གདམ་འེ་ཡོང་བསམ་ན། བོད་མི་མང་གིས་ཡང་བསྐྱར་བླ་རྒན་མགོ་དཀར་ཞིག་བདམས་འདུག བོད་མི་མང་གིས་བདམས་བཞག་དུས་ངས་ངོས་ལེན་མི་བྱེད་ཐབས་མེད་རེད་གསུངས་པ་དེས། བཀའ་བློན་ཁྲི་པ་བླ་རྒན་དང་མགོ་དཀར་གཉིས་ལ་ཐུགས་མི་དགྱེས་པའི་ཚུལ་མཛད་ཡོད། མཁས་དབང་བློ་བཟང་སེང་གེ་བཀའ་ཁྲིར་སླེབས་པའི་ཉིན་མོ་དེ་ནས་བཟུང་བོད་ཀྱི་སྐུ་དྲག་ལམ་ལུགས་ཁ་མིན་དོན་གྱིས་མགོ་རྟིང་སློག་པ་མ་ཟད། རྒྱ་ནག་གིས་ཏཱ་ལས་རུ་ཚོགས་ཀྱི་བཀས་བཀོད་བརྒྱུད་འཛིན་སླར་གསོ་བྱེད་ཀྱི་ཡོད་རེད་ཟེར་ནས་སྐད་གསེང་མཐོན་པོས་འཛམ་གླིང་ལ་སྒྲོག་བཞིན་པ་དེ། འཛམ་གླིང་མི་མང་ལ་མགོ་སྐོར་དང་ཧམ་བཤད་བྱེད་ཀྱི་ཡོད་པའི་ར་སྤྲོད་གསལ་པོ་ཞིག་ཆགས་ཡོད། བོད་མིའི་སྟོབས་ཤུགས་ཇེ་ཆེར་འགྲོ་བ་ལ་ངེས་པར་དུ་གཅིག་སྒྲིལ་གལ་ཆེན་པོ་རེད། གཅིག་སྒྲིལ་ཡོང་བ་ལ་གཞུང་མང་གཉིས་ཀྱི་བར་ཐག་ཇར་ཉེར་འགྲོ་དགོས། གཞུང་མང་གཉིས་ཀྱི་བར་ཐག་ཇེ་ཉེར་འགྲོ་བ་ལ་དེང་རབས་ཀྱི་བསམ་བློ་ཡོད་པ། གསར་གཏོད་ཀྱི་སྙིང་སྟོབས་ལྡན་པ། འཛམ་གླིང་གི་ཁ་ཕྱོགས་མཁྱེན་པའིམི་སྣ་ཞིག་གི་དབུ་ཁྲིད་བྱས་ན་མི་མང་གི་ཕྱོགསནས་གཞུང་ལ་ཡིད་ཆེས་ཡོད་པ་དང་ལྷག་པར་དུ་གཞོན་སྐྱེས་ཤེས་ཡོན་པའི་སྡེ་ནས་ཡིད་ཆེས་བརྟན་པོ་ཡོང་ངེས་རེད། མཁས་དབང་བློ་བཟང་སེང་གེ་ལ་ཆ་རྐྱེན་དེ་ཚོ་ཚང་པས་མི་ཚད་གསར་གཏོད་ཀྱི་སྙིང་སྟོབས་ཧ་ལས་པ་ཞིག་ཡོད་པ་འུ་ཚོས་ཡིད་ཆེས་བྱེད་ཆོག རྒྱུ་མཚན་ནི་ཁོང་གིས་བཏོན་པའི་བཀའ་ཁྲིའི་གྲ་སྒྲིག་གསུམ་གྱིས་ཤེས་ཐུབ། དེས་མ་ཚད་རྒྱ་གར་ལྷོ་ཕྱོགས་ནས་ནུས་པ་བཅུའི་གཏམ་བཤད་ནང་ལ་གཟི་བརྗིད་ཀྱི་ནུས་པ་ཟེར་དུས་གསར་གཏོད་ཀྱི་སྙིང་སྟོབས་ཧ་ལས་པ་ཞིག་ཡོད་པ་རྟོགས་ཐུབ། མཁས་དབང་བློ་བཟང་སང་གེ་ལ་ད་ལྟའི་བཀའ་ཁྲིའི་འོས་ཤོག་གི་རྒྱལ་ཁ་ཐོབ་ན་མ་འོངས་པ་མི་རབས་རྒན་པ་རྫོགས་རྗེས། བཀའ་ཟུར་མཁས་དབང་བློ་བཟང་སེང་གེ་ཟེར་དུས་འུ་ཚོ་ལ་བློ་འདྲི་ས་ཞིག་ཆགས་ཐུབ་རྒྱུ་རེད་སྙམ། ྋགོང་ས་མཆོག་གིས་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་གསུངས་པ་བཞིན་དུ། འུ་ཚོ་བཙན་བྱོལ་ལ་མུ་མཐུད་དུ་བསྡད་དགོས་བྱུང་ན་གྲ་སྒྲིག་ཅིག་ཀྱང་མིན་རྒྱུ་མེད། འཐབ་གྲོགས་རྣམ་པ། གུས་པའི་འོས་ཤོག་གཅིག་པོའི་བདག་པོ་མཁས་དབང་བློ་བཟང་སེང་གེ་ཡིན་ན་ཡང༌། སོ་སོས་རྒྱབ་སྐྱོར་བྱེད་མི་དེ་ཡིན་མིན་ལ་མ་ལྟོས་པར་བཀའ་ཁྲི་རྣམ་པ་གསུམ་གྱི་སུ་ལ་རྒྱལ་ཁ་ཐོབ་ན་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུའི་དམ་བཅའ་གཙང་མ་ཡོད། འུ་ཚོ་གངས་ཅན་པ་ཡོངས་ཀྱིས་དམ་བཅའ་འདི་འདྲ་འཇོག་རྒྱུའི་རེ་བ་དང་བཅས།
སྤྱི་ལོ་༢༠༡༡ལོའི་ཟླ་༣པའི་ཚེས་༨ཉིན་ཤེས་རབ་དགའ་ཚལ་སློབ་གླིང་ནས་ཨ་མདོ་མགོ་ལོག་ནས་ཡིན་པའི་སློབ་བུ་བསྟན་པ་དར་རྒྱས་ཀྱིས་བྲིས་པའོ།།