བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་གསར་འགོད་ལྷན་ཚོགས་གནང་བ།

ཟླ་འདིའི་ཚེས་༡༠ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་མཛད་སྒོ་གྲུབ་རྗེས། ཟུར་དུ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་ཕྱི་ནང་གི་གསར་འགོད་པ་བརྒྱ་ཕྲག་ཙམ་དང་ལྷན་དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་འཚོག་གནང་སོང།

དེའི་སྐོར་བཀའ་ཁྲི་མཆོག་གིས་གསུང་དོན། འདས་པའི་ཉིན་འགའི་ནང་གསར་འགོད་པ་མང་དག་ཅིག་ནས་ང་ལ་བཅར་འདྲི་བྱེད་པར་སླེབས་བྱུང། འོན་ཀྱང་དུས་ཁོམ་མེད་པའི་རྐྱེན་གྱིས་ཁོང་རྣམ་པར་བཅར་འདྲི་བྱེད་རྒྱུའི་གོ་སྐབས་མ་བྱུང་བས། དེ་རིང་གསར་འགོད་པ་རྣམས་ཆེད་དུ་ཐུག་འཕྲད་ཀྱིས་དྲི་བ་རྣམས་ལ་ལན་འདེབས་བྱ་རྒྱུ་ཡིན་གསུངས་སོང།

pressrelease_samdhongrinpocheགསར་འགོད་པ་ཞིག་གིས་ཉེ་ཆར་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་ནས་བགྲེས་ཡོལ་ཆ་ཚང་ཞུ་རྒྱུ་ཡིན་ཞེས་གསུངས་པ་དེར་ཁྱེད་ཀྱི་དགོངས་ཚུལ་གང་ཡོད་ཅེས་དྲིས་པར། བཀའ་ཁྲི་མཆོག་གིས་ལན་གནང་དོན། ང་ཚོའི་བསམ་ཚུལ་བཀའ་ཤག་གི་གསུང་འཕྲིན་ནང་དུ་ཡོད་པ་རེད། ༧གོང་ས་མཆོག་གི་དགོངས་ཚུལ་གང་ཡིན་ང་ཚོས་ཤེས་ཀྱི་ཡོད། ཕྱི་ལོ་༡༩༦༠ ཙམ་ནས་༧གོང་ས་མཆོག་གིས་བོད་མི་སེར་སྐྱ་མི་མང་རྣམས་ལ་སྐྱབས་མགོན་རིན་པོ་ཆེར་བརྟེན་མི་དགོས་པར། རང་དབང་གིས་རང་རང་སོ་སོས་ཆབ་སྲིད་ཀྱི་འགན་དབང་ལེན་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་ཡོད་པ་རེད། དེང་སྐབས་བཙན་བྱོལ་བོད་མི་རྣམས་ནས་བཀའ་ཁྲི་ཐད་ཀར་འོས་འདེམས་བྱེད་ཀྱི་ཡོད་པས། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་དེ་འོས་འདེམས་བྱུང་བའི་ཆབ་སྲིད་ཀྱི་འགོ་ཁྲིད་དེ་ལ་རྩིས་འབུལ་ཞུ་རྒྱུའི་དགོངས་གཞི་ཡོད་མོད། འོན་ཀྱང་ཕྱི་ནང་རྒྱ་ཆེའི་བོད་མི་རྣམས་ནས་༧སྐྱབས་མགོན་རིན་པོ་ཆེར་མུ་མཐུད་བོད་བསྟན་སྲིད་གཉིས་ཀྱི་དབུ་ཁྲིད་གནང་རོགས་ཞེས་བརྗོད་ཀྱི་ཡོད་པ་རེད། བཀའ་ཤག་གི་ངོས་ནས་ཀྱང་༧སྐྱབས་མགོན་རིན་པོ་ཆེར་དགོངས་གཞི་དེ་འཕར་འགྱང་གནང་རོགས། དུས་ཆེན་སྲུང་བརྩི་བྱེད་པའི་སྐུ་དབང་རྣམས་ཉུང་དུ་གཏོང་ཆོག་གི་རེད་ཅེས་སྙན་སྒྲོན་ཞུ་ཡི་ཡོད་ཅེས་འགྲེལ་བརྗོད་གནང་སོང།

ཡང་གསར་འགོད་པ་གཞན་ཞིག་གིས་༧སྐྱབས་མགོན་རིན་པོ་ཆེའི་གསུམ་དུས་གསུང་འཕྲིན་ནང་ཆབ་སྲིད་ཀྱི་འགན་དབང་བགྲེས་ཡོལ་ཆ་ཚང་ཞུ་རྒྱུའི་ཐུགས་འདོད་ཡོད་སྐོར་གསུངས་སོང། དེ་འདྲའི་སྐབས་ལ་བཙན་བྱོལ་གཞུང་གི་སྒྲིག་འཛུགས་ཀྱི་གནས་བབ་དང་བོད་རྒྱ་ཞི་མོལ་གྱི་གནད་དོན་སོགས་ཀྱི་གནས་སྟངས་ག་འདྲ་ཆགས་སྲིད་དམ་ཅེས་དྲིས་པར། བཀའ་ཁྲི་མཆོག་གིས་ལན་གནང་དོན། གནས་སྟངས་དེ་འདྲ་ཞིག་ཆགས་ཀྱི་རེད་ཅེས་གཏན་ནས་བཤད་ཐུབ་ཀྱི་མི་འདུག གནས་སྟངས་ག་འདྲ་ཞིག་ཆགས་མིན་སྔོན་ནས་ཤེས་ཀྱི་ཡོད་པ་དང། དེ་ལ་ཐབས་ལམ་འདི་འདྲ་ཡོད་ཅེས་༧སྐྱབས་མགོན་རིན་པོ་ཆེར་སྙན་སྒྲོན་ཞུ་རྒྱུ་ཡོད་ཚེ། ང་ཚོས་ཡང་ནས་ཡང་དུ་༧གོང་ས་མཆོག་ལ་ཆབ་སྲིད་ཀྱི་ཐུགས་འགན་བཞེས་རོགས་ཞེས་ཞུ་མི་དགོས་པ་ཞིག་རེད། ད་ལྟ་༧གོང་ས་མཆོག་ལ་མུ་མཐུད་ཐུགས་འགན་བཞེས་རོགས་ཞེས་ཞུ་བ་དེ་ཕྱོགས་གཅིག་ནས་དད་པ་དམ་ཚིག་གི་སྐད་ཆ་ཡིན་པ་དང། ཕྱོགས་གཞན་ཞིག་ནས་ཐབས་ལམ་དེ་མེད་ན་འདི་ཡོད་ཅེས་འདེམས་ཁ་མེད་པའི་རྐྱེན་གྱིས་རེད། ད་ཆ་༧སྐྱབས་མགོན་རིན་པོ་ཆེས་ཐུགས་ཐག་བཅད་ཡོང་དུས། འདེམས་ཁ་མེད་ཟེར་ནས་སྡོད་རྒྱུའང་མེད་པ་དང། བོད་མི་ཡོངས་ནས་ཐབས་ལམ་འཚོལ་རྒྱུའི་འབད་བརྩོན་དགོས་པ་རེད་ཅེས་སོགས་གསུངས་སོང།།

{jcomments on}