བལ་ཡུལ་དུ་བོད་མི་ལས་འགུལ་བ་བཀག་ཉར་དང་གཅར་རྡུང་།

དེ་ཡང་བལ་ཡུལ་དུ་ཉིན་ཤས་སྔོན་བོད་མི་སྡོད་ཡུལ་ས་གནས་ཁག་ལ་དམག་མི་དང་། ཉེན་རྟོག་པ་སོགས་འདྲ་མིན་དཀྲམ་པ་དང་། ལྷག་དོན་ཕྱི་ཚེས་༡༠ ཉིན་དམ་དྲག་ཆེན་པོ་བྱས་ཡོད་པ་རེད། བལ་ཡུལ་གྱི་ གཞུང་ལམ་ཁག་ན་བོད་མི་ཚོ་བཀག་བསྡོམས་བྱེད་ཀྱི་ཡོད་མིན་ལ་མ་ལྟོས་པར། དུས་དྲན་ཉིན་བོད་མི་ཚོ་མཆོད་རྟེན་ཉེ་འགྲམ་གཞུང་དགོན་བསམ་གཏན་གླིང་ལ་འཛོམས་ནས་༸གོང་ས་མཆོག་གི་སྐུ་པར་ཞབས་སྐོར་ལ་གདན་དྲངས་ཐོག་བཞུགས་ཁྲིར་མངའ་གསོལ་བ། ད་དུང་མི་མང་ལངས་གླུ་དང་བོད་བལ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་བླངས་རྗེས། ༧གོང་ས་མཆོག་གི་གསུམ་དུས་ཀྱི་ཡོངས་ཁྱབ་གསུང་འཕྲིན་དང། བཀའ་སྤྱི་གཉིས་ཀྱི་གཏམ་བཤད་མི་མང་ལ་སྒྲོག་སྦྱངས་བྱེད་པ་སོགས་དམ་དྲག་འོག་ནས་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་བྱས་ཡོད་པ་རེད།

གཞུང་འབྲེལ་མཛད་རིམ་ཚར་པ་དང་བོད་མི་ཚོས་མཆོད་རྟེན་སྐོར་ལམ་དང་། རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་བཅས་སུ་རིམ་པས་བོད་རང་དབང་དགོས་པའི་རྒྱ་ནག་གཞུང་ལ་ངོ་རྒོལ་ཡོད་པའི་འབོད་ཚིག་འདྲ་མིན་བསྒྲགས་པའི་རྔམ་སྟོན་སྐད་འབོད་ཁྲོམ་སྐོར་བྱས་པ་དང་། བོད་མི་ཞི་བའི་ལས་འགུལ་བ་ཚོ་མཆོད་རྟེན་སྒོ་ཆེན་ནས་གཞུང་ལམ་ཐོག་འགྲོ་རྩིས་བྱེད་སྐབས་དེ་མ་ཐག་བལ་ཡུལ་གྱི་ཉེན་རྟོག་པ་ཚོས་བོད་མི་ཚོར་དྲག་རྡུང་བྱེད་བཞིན་བཀག་པ་དང་། འཛིན་བཟུང་བྱས་པ། བོད་ཀྱི་རྒྱལ་དར་བཙན་འཕྲོག་བྱེད་པ་སོགས་བྱས་ནས་ལས་འགུལ་ཁྲོད་རིམ་པས་མཆོད་རྟེན་ཁུལ་ནས་བོད་མི་གྲངས་ ༤ དང་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ནས་བོད་མི་གྲངས་ ༧ བཅས་བསྡོམས་མི་གྲངས་ ༡༡ ཙམ་བཀག་ཉར་བྱས། ཉེན་རྟོག་པའི་དབྱུག་རྡུང་འོག་མི་གྲངས་༡༥ཙམ་ལ་རྨས་སྐྱོན་ཕོག་འདུག

དེ་བཞིན་ཉིན་དེའི་ཞོགས་པ་སྔ་པོ་ནས་བོད་མིའི་དགོན་སྡེ་དང་གཞི་ཆགས་སློབ་གྲྭ་ཁག་ཉེན་རྟོག་པས་བསྐོར་ནས་ནན་སྲུང་བྱས་པར་བརྟེན། གཞུང་འབྲེལ་མཛད་སྒོའི༌སྐབས་མི་གྲངས་བརྒྱ་ཕྲག་ཁ་ཤས་ལས་མཉམ་ཞུགས་བྱེད་ཐུབ་མེད་པ་དང་། བལ་ཡུལ་གཞུང་དང་ཉེན་རྟོག་པའི་བྱ་སྤྱོད་དེའི་ཐད་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་ Sudip Pathak ནས་སྐྱོན་བརྗོད་བྱས་ཡོད་པ་རེད།

ད་དུང་སྐབས་དེར་གློ་བུར་བྱུང་བའི་དོན་རྐྱེན་ཞིག་ནི་ཁྲོམ་སྐོར་ལས་འགུལ་སྐབས་མཆོད་རྟེན་སྐོར་ལམ་ནས་ས་གནས་ཡུལ་མི་གཞོན་སྐྱེས་འགས་བོད་མི་ཞི་བའི་ལས་འགུལ་བར་ཁ་རྡུང་གཏོང་ཞོར་གློ་བུར་གཅར་རྡུང་དྲག་པོ་བྱས་ཡོད་པ་དང་། བོད་མི་ཚོས་སྐབས་དེར་ཕར་རྒོལ་གང་ཡང་བྱས་མེད་ཀྱང་ས་གནས་ཡུལ་མི་འགའི་བྱ་སྤྱོད་ཐད་བོད་མི་ཚོས་བློ་ཕམ་ཆེན་པོ་བྱེད་བཞིན་པ་རེད་འདུག།
ལོ་རེའི་ཟླ་གསུམ་པའི་ཚེས་བཅུ་ཉིན་ནི་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གི་བཙན་འཛུལ་བཙན་གནོན་ལ་བོད་མིས་ཞི་རྒོལ་བྱས་བའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་ཡིན་པ་རེད།
བལ་ཡུལ་གསར་འགོད་པས།

{jcomments on}