བཀའ་ཁྲིའི་འོས་མི་གསུམ་གྱི་བགྲོ་གླེང་མཐའ་མ།

འོན་ཀྱང་དྲ་ལམ་གྱི་གནད་དོན་རྐྱེན་གྱིས་རྒྱ་གར་ལྷོ་ཕྱོགས་ནས་བློ་བཟང་སེང་གེ་བགྲོ་གླེང་ཐོག་ཆ་ཤས་ལེན་མ་ཐུབ་རུང། ས་གནས་རང་ལ་བགྲོ་གླེང་དང་དྲི་བ་དྲིས་ལན་བྱས་ཡོད་འདུག

ཨེ་ཤ་རང་དབང་རླུང་འཕྲིན་ཁང་གི་དྲི་བ་དང་པོ་༧གོང་ས་མཆོག་གི་གསུམ་དུས་གསུང་འཕྲིན་ནང་དུ་བགྲེས་ཡོལ་ཆ་ཚང་གནང་གི་གསུངས་པ་དེའི་ཐད་དགོངས་ཚུལ་ག་རེ་ཡོད་མེད་དྲིས་པར། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་ལན་གསུང་དོན། ༧གོང་ས་མཆོག་གི་གསུང་འཕྲིན་དེ་བོད་མི་ཚང་མས་གོ་ཡོད་ཀྱི་རེད། ཚང་མས་སེམས་འཚབ་ཆེན་པོའི་གནས་ཚུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ང་རང་ཚོ་བཙན་བྱོལ་དུ་བོད་མི་འབུམ་གཅིག་ལྷག་ཙམ་གྱི་ཐུགས་འགན་བཞེས་ཐུབ་ཀྱི་ཡོད་རུང་མེད་རུང། བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་རྩིས་གཞི་དེ་མུ་མཐུད་ནས་བཞེས་དགོས་ཀྱི་རེད་བསམ་པའི་སེམས་ཚོར་ཤུགས་ཆེན་པོ་ཡོད། མི་མང་གི་ངོས་ནས་མུ་མཐུད་ནས་ཐུགས་འགན་བཞེས་པའི་གསོལ་འདེབས་ཤུགས་ཆེན་པོའི་ཐོག་ནས་ཞུ་དགོས་ཀྱི་རེད་ཅེས་གསུངས་སོང།

བཀྲ་ཤིས་དབང་འདུས་ཀྱིས་དེའི་སྐོར་ལན་གསུང་དོན། ༧གོང་ས་མཆོག་གིས་དགོངས་པ་བཞེས་ནས་བཀའ་ནན་པོ་གནང་འདུག དེའི་ཐོག་མ་འོངས་པའི་བཀའ་ཁྲི་དང་སྤྱི་འཐུས་ཀྱིས་མཛད་འགན་བཞེས་དགོས་པ་རེད། མཉམ་རུབ་གནང་རྒྱུ་གལ་ཆེན་པ་ོརེད། བརྒྱུད་ལམ་ཁག་ཅིག་ནས་ཆབ་སྲིད་འགན་དེ་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་གནང་གི་ཡིན་གསུངས་པ་དེ། བཀའ་བློན་ཁྲི་པ་རང་ལ་གོ་ཡི་ཡོད་པ་ལྟ་བུ་འདུག ངའི་ལྟ་སྟངས་ལྟར་ན། བཀའ་བློན་ཁྲི་པ་དང། གྲོས་ཚོགས་གཉིས་ཆར་གོ་དགོས་ཀྱི་ཡོད་པ་རེད། ངའི་ངོས་ནས་མ་འོངས་པར་བཀའ་ཁྲིར་འཁོད་པ་ཡིན་ན། བོད་མི་མང་གི་ཆེད་དུས་ལས་ཀ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་སོགས་དྲི་བ་ཁག་ལ་ལན་འདེབས་གནང་སོང།།

{jcomments on}