མ་འོངས་པར་རྒྱ་ནག་ནང་དུ་འགྱུར་བ་མི་འགྲོ་བར་ལྷག་མི་ཐུབ།
ཟླ་འདིའི་ཚེས་༡༤ ཉིན་གྱི་ཞོགས་པ་ཆུ་ཚོད་༩ དང་ཕྱེད་ཀའི་ཐོག་དྷ་ས་གངས་སྐྱིད་སྤྱི་འཐུས་གྲོས་ཚོགས་ཚོགས་ཁང་དུ་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་དབུ་འཛུགས་གནང་ཡོད་པ་རེད།
ཐོག་མར་གྲོས་ཚོགས་ར་བའི་ནང་དུ་༧གོང་ས་མཆོག་གསུང་འཕྲིན་རིན་པོ་ཆེ་གདན་འདྲེན་ཞུས་རྗེས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གསལ་བསྒྲགས་གནང། དེ་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་རྗེས་ཚོགས་གཙོ་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། དེ་རིང་གི་ཚོགས་དུས་དེ་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་མཐའ་མ་དེ་ཆགས་ཀྱི་ཡོད་པ་རེད། དེ་བཞིན་དེ་རིང་གི་ཚོགས་དུས་འདི་སྔོན་རྩིས་ཀྱི་ཚོགས་དུས་རེད། དེ་རིང་གི་ཚོགས་དུས་འདིར་རྒྱལ་སྤྱིའི་ཆ་ནས་བཤད་པ་ཡིན་ན། འཛམ་གླིང་ནང་སྔོན་མའི་བསམ་བློའི་ནང་འཁོར་མི་ཐུབ་པའི་འགྱུར་འགྲོས་ཆེན་པོ་ཕྱིན་པའི་དུས་སྐབས་ཤིག་རེད། གནས་སྟངས་དེ་ཚོ་ལ་བརྟེན་ནས་ང་ཚོ་བོད་དོན་གྱི་ཐོག་ལ་འགྱུར་བ་ཞིག་ཏན་ཏན་ཕྱིན་ནས། ང་ཚོ་སོ་སོའི་རྒྱལ་ཁབ་ལ་ཕར་ལོག་པའི་གོ་སྐབས་ཤིག་ཏན་ཏན་ཡོང་གི་རེད་བསམ་པའི་རེ་བ་ཞིག་ཆགས་བསྡད་ཀྱི་འདུག དེ་བཞིན་སྙིང་སྟོབས་སྐྱེ་གཞི་ཞིག་ཆགས་ཀྱི་ཡོད་པ་རེད།
གནད་དོན་དེ་ཚོའི་རྐྱེན་གྱིས་རྒྱ་ནག་ནང་དུ་རང་དབང་དང་ཞི་བདེ་ལ་དགའ་མཁན་ཚོས། མེ་ཏོག་བ་སྤུའི་གསར་བརྗེའི་ལས་འགུལ་ལ་དཔེ་བླངས་ནས་རྒྱ་ནག་ནང་དུ་ཞི་རྒོལ་བྱེད་པའི་ཤུགས་བརྒྱབ་པ་རེད་དེ། རྒྱ་ནག་གི་དབང་འཛིན་པ་ཚོས་ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་པ་ལ་མ་བལྟས་པ་དང། ལེགས་ཆ་མ་བླངས་པར་ད་དུང་དྲག་གནོན་བྱེད་པའི་ལས་འགུལ་ཞིག་འགྲོ་དང་འགྲོ་བཞིན་པ་རེད། དེ་ག་ཚོད་བར་དུ་འགྲོ་ཐུབ་ཀྱི་རེད་ཟེར་བ་དེ་གནད་འགག་ཅིག་ཆགས་བསྡད་ཡོད་པ་རེད། གང་ལྟར་མ་འོངས་པར་རྒྱ་ནག་ནང་དུ་འགྱུར་བ་མི་འགྲོ་བར་ལྷག་མི་ཐུབ་པ་གསལ་པོ་རེད་ཅེས་ཞུ་ཐུབ་པ་ཞིག་རེད། བོད་ནང་དུ་༢༠༠༨ ལོའི་གསུམ་པའི་བཅུ་བཞིའི་དོན་རྐྱེན་བྱུང་བ་ནས་དེ་རིང་གི་ཉིན་མོ་འདིར་ལོ་གསུམ་ཧྲིལ་པོ་འཁོར་གྱི་ཡོད་རེད། བོད་ནང་གི་ཛ་དྲག་གནས་སྟངས་དེ་ཡང་མུ་མཐུད་ནས་ལྷག་བསྡད་ཡོད་རེད། ལྷག་པར་དུ་ད་ལྟ་ང་ཚོས་སྐད་ཆ་བཤད་པའི་སྐབས་ལ་བོད་ནང་དུ་དམ་དྲག་ཤུགས་བྱེད་ཀྱི་ཡོད་པ་ང་ཚོས་ཤེས་གསལ་རེད། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་དེ་རིང་གྲོས་ཚོགས་ཀྱི་སྡིངས་ཆ་འདིའི་ཐོག་ནས་ཞུ་འདོད་བྱུང། བཙན་བྱོལ་ལ་ཆ་བཞག་པ་ཡིན་རུང་དེ་རིང་གི་གྲོས་ཚོགས་འདི་མང་གཙོ་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་ནས་འགྲོ་སྡོད་ཀྱི་ཡོད་པ་རེད།
༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ས་མ་ཤོར་བའི་སྔོན་དུ་བོད་ནང་ལ་ལེགས་བཅོས་གནང་རྒྱུའི་དགོངས་གཞི་ཡོད་པ་དང། བཙན་བྱོལ་ལ་ཕེབས་པ་ནས་བཟུང་ད་ལྟ་བར་དུ་མང་གཙོའི་འཕེལ་རིམ་གྱི་ཐོག་ལ་ག་དུས་ཡིན་ཡང་༧རྒྱལ་བ་རིན་པོ་ཆེ་རང་གིས་བཀའ་གནང་ནས་མང་གཙོའི་ལམ་སྲོལ་ལ་འགྲོ་བ་དང་ཤུགས་ཆེ་རུ་གཏོང་བའི་གནས་སྟངས་ཤིག་༧རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བསྡད་ཡོད་པ་རེད། ད་ལྟ་རྒྱལ་སྤྱིའི་ནང་དུ་འཐབ་རྩོད་བྱེད་མཁན་དེ་ཚོ་གཞུང་འཛིན་པ་ཚོས་མི་མང་གི་མངོན་འདོད་ལ་གཞི་མ་བཞག་པའི་ཐོག་ནས་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང། དྲང་བདེན་དང་རང་དབང་ལ་བརྡལ་བཤིག་གཏོང་བཞིན་ཡོང་གི་ཡོད་པ་རེད། ང་ཚོའི་གནས་སྟངས་དེ་ལས་ལྡོག་ནས་༧རྒྱལ་བ་རིན་པོ་ཆེ་རང་གི་ངོས་ནས་མི་མང་ལ་དབང་བསྐུར་བ། མང་གཙོ་འཕེལ་རིམ་ཤུགས་ཆེ་རུ་གཏོང་བའི་གནས་སྟངས་དེ་འདྲ་ཞིག་ཆགས་ཡོད་པ་རེད། དེ་བཞིན་དེ་རིང་ཤོག་ལྷེ་བདུན་ཅན་གྱི་༧གོང་ས་མཆོག་གི་གསུང་འཕྲིན་ཕེབས་པ་དེར་ཚང་མས་དགོངས་པ་བཞེས་ནས་བགྲོ་གླེང་ལྷུག་པོ་དགོས་པ་རེད་ཅེས་སོགས་གསུངས་སོང།
གྲོགས་ཚོགས་ཚོགས་དུས་མཐའ་མའི་ཉིན་དང་པོའི་ཐོག་སྤྱི་འཐུས་མི་དྲུག་དགོངས་པ་ཞུས་ནས་བཅར་ཐུབ་མེད་པ་དང། གྲོས་ཚོགས་ཆ་ཚང་དགོངས་པ་ཞུ་མཁན་སྤྱི་འཐུས་གཉིས་བྱུང་འདུག དེར་བརྟེན་ཚོགས་འདུ་དབུ་འཛུགས་ཉིན་སྤྱི་འཐུས་༣༧ འཛོམས་ཡོད་པ་རེད། གཞན་ཡང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱ་གསར་པ་ཞིག་བཟོས་པའི་ཁྱབ་བསྒྲགས་གནང་སོང་བ་དེའི་ཁ་བྱང་ནི། www.tibetanparliament.org/www.chithu.org གང་རུང་ཐོག་གྲོས་ཚོགས་ཀྱི་ལས་རིམ་ལྟ་ཐུབ་ཀྱི་ཡོད་འདུག གྲོས་ཚོགས་ཉིན་གཉིས་པ་སྟེ་ཚེས་༡༥ ཉིན་ཧྲིལ་པོར་༧གོང་ས་མཆོག་གི་གསུང་འཕྲིན་ཐད་གྲོས་སྡུར་གནང་རྒྱུ་རེད་འདུག །
{jcomments on}