ཤི་བཞིན་པའི་བོད་ཅེས་པའི་བགྲོ་གླེང།

prisདེར་ཧྥ་རན་སིའིི་གྲོས་ཚོགས་གོང་མའི་བོད་དོན་དམིགས་བསལ་སྐུ་ཚབ་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཇཱོན་པོང་སཱོ་བའི་གཙོས་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་ཧྥ་རན་སི་བོད་ཀྱི་བྱམས་བརྩེ་ཁང་འགན་འཛིན་ཚ་དབང་སུམ་གྱང་སྤྲུལ་སྐུ་བཅས་ནས་《ཤི་བཞིན་པའི་བོད་》ཅེས་པའི་བརྗོད་གཞིའི་ཐོག་འཚོགས་འདུ་ཞིག་བསྐོང་འཚོགས་བྱས་ཡོད་པ་དང་། འཚོགས་ཐོག་ཏུའང་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་གནད་ཡོད་ཁག་ཅིག་དང་། ལྷག་པར་དུ་ཧྥ་རན་སིི་བོད་གཞུང་སྐུ་ཚབ་དོན་གཅོད། ད་དུང་ཧྥ་རན་སིའི་ནང་སྲིད་ལས་ཁུངས་ཀྱི་ཨེ་ཤ་ཡའི་སྡེ་ཚན་གྱི་གནད་ཡོད་མི་སྣ། གཞན་ཡང་ཧྥ་རན་སིི་བདེ་སྲུང་ལས་ཁུངས་གྱི་སྐྱབས་བཅོལ་ལྟ་སྐྱོང་སྡེ་ཚན།  དེ་ནས་བོད་མི་ཤེས་ཡོན་ཅན་བཅས་ཁྱོན་བསྡོམས་མི་སྣ་ཉིས་བརྒྱ་ལྷག་ཅིག་མཉམ་འཛོམས་ཀྱིས་ཧྥ་རན་སིིའི་གྲོས་ཚོགས་གོང་མིའི་ནང་འཚོགས་ཡོད་པ་དང་། སྐབས་དེར་གྲོས་ཚོགས་གོང་མིའི་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན་ནི། བོད་ཀྱི་གནད་དོན་ནི་མི་རིགས་ཤིག་གི་གནད་དོན་ལས་བརྒལ་ཏེ་རྒྱལ་སྤྱི་རང་བཞིན་ཅན་གྱི་གནད་དོན་གལ་ཆེན་ཆགས་ཡོད་པ་མ་ཟད། གལ་སྲིད་རྒྱ་ནག་སྲིད་གཞུང་གིས་བསམ་ཤེས་གཉིས་ཕན་གྱི་ལམ་ནས་བོད་ཀྱི་གནད་དོན་དེ་མ་སེལ་བར་ཡུལ་གྱར་བོད་མི་ཚོ་དང་། དེ་ལས་ཀྱང་བོད་ནང་གི་བོད་མི་རྣམས་ཀྱི་དཀའ་སྡུག་མུ་མཐུད་ནས་མྱངས་དགོས་བྱུང་ན། རྒྱ་ནག་ནི་རྒྱལ་སྤྱིའི་མིག་ནང་གི་ཚེར་མ་ལྟ་བུར་འགྱུར་མི་སྲིད་པ་མིན་ལ། དེ་དུས་རྒྱ་ནག་སྲིད་གཞུང་གིས་ཧམ་བཤད་ཇི་ལྟར་བྱས་ཀྱང་རྒྱ་ནག་གི་དཔལ་འབྱོར་མ་རྩ་དེ་ནུབ་ཕྱོགས་རྒྱལ་ཁབ་ཚོས་འཇོག་གི་ཡོད་སྟབས། གལ་སྲིད་ཉི་མ་ཞིག་ལ་ལི་བྷི་ཡའི་གཞུང་ལ་ཨ་རིའི་དཔལ་འབྱོར་གྱིས་ཉེས་ཆད་བཅད་པ་ནང་བཞིན་བྱུང་ཚེ། རྒྱ་ནག་སྔར་བཞིན་ཕྱོགས་གང་ཅིའི་ཐད་ནས་སྐྱོ་ངལ་གྱི་གནས་སུ་ལྷུང་རྒྱུ་ཉག་ཅིག་རེད་ལ། དེ་དུས་རྒྱ་ནག་ཆེན་པོ་དེ་རང་ཤུགས་ཀྱིས་འཐོར་ཞིག་ཏུ་འགྲོ་སྲིད་ཅེས་དང་། དེ་ལས་ཕན་ཚུན་ལ་བསམ་ཤེས་གུ་ཡངས་ཀྱི་ཐོག་ནས་ཏཱ་ལའི་བླ་མས་བཏོན་པའི་དབུ་མའི་ལམ་དེ་དམིགས་འཛིན་བྱས་ནས་༸གོང་ས་མཆོག་གི་སྐུ་ཚབ་རྣམ་པ་དང་ལྷན་དུ་གྲོས་མོལ་མིང་དོན་མཚུངས་པའི་ཕྱོགས་སུ་བསྐྱོད་རྒྱུ་གལ་ཆེ་ཞེས་གསུངས་སོང།

དེ་རྗེས་ཧྥ་རན་སིའི་བོད་ཀྱི་བྱམས་བརྩེ་ཁང་གི་འགན་འཛིན་ཚ་དབང་སུམ་གྱང་སྤྲུལ་སྐུས་གསུང་བཤད་གནང་དོན། དེ་རིང་ནི་བོད་མི་རིགས་མ་གཏོགས་འཛམ་གླིང་རྒྱལ་ཁབ་གཞན་པ་རྣམས་ལ་མཚོན་ན། ཕྱི་ཟླ་གསུམ་པའི་ཚེས་པ་བཅུ་ནི་ཉི་མ་དཀྱུས་མ་ཞིག་ཡིན་མོད། འོན་ཀྱང་ང་ཚོ་བོད་མི་རིགས་ལ་ཆ་བཞག་ན། བྱིས་པ་ལོ་ན་དགུ་དང་བཅུ་ནས་བཟུང་རྒན་པོ་ལོ་ན་བརྒྱད་བཅུ་དགུ་བཅུ་ཅན་ཞིག་ཡིན་རུང་། བརྗེད་མི་ཐུབ་པའི་ཉིན་མོ་ཞིག་ཡིན་པ་མ་ཟད། ང་ཚོའི་དཀའ་སྡུག་གི་ལོ་རྒྱུས་ལ་ལོ་རེ་བཞིན་ཕྱིར་དྲན་བྱེད་པའི་ཉིན་མོ་ཞིག་ལའང་ཁེལ་ཡོད་པ་རེད་ཅེས་དང་། ཡང་ཁོང་གིས། ཕྱི་ལོ་༢༠༡༠ ལོ་ནས་བཟུང་རྒྱ་ནག་སྲིད་གཞུང་དབུས་གསང་བའི་ལས་ཁུངས་ཀྱི་སྲིད་བྱུས་ཉམས་ཞིབ་པ་ཚོས་གུ་ཡངས་འདྲ་མཉམ་བྱེད་རྒྱུ་ལས་ལྡོག་སྟེ་བོད་ཐོག་འཛིན་པའི་ཀླད་ཀོར་སྲིད་བྱུས་དེ་དུས་དང་གནས་ལུགས་ལ་ལྟོས་ནས་འགྱུར་ལྡོག་ཅི་ཡང་མ་བཏང་བ་མ་ཟད། ཀླད་ཀོར་སྲིད་བྱུས་ཀྱི་སྤྱོར་བ་ཇེ་རྩུབ་ཇེ་ངན་དུ་བཏང་ནས་སློབ་གསོའི་སྲིད་བྱུས་ཞེས་པའི་འབོད་སྒྲའི་འོག་ནས། བོད་ཀྱི་སྐད་དང་ཡི་གེ་རྩ་མེད་བཟོ་རྒྱུའི་འཆར་གཞི་བཏིང་ཚར་པ་མ་ཟད། བོད་མི་རིགས་དང་དེའི་རྩ་ཆེ་བའི་ཆོས་དང་རིག་གཞུང་གིས་མཚོན་པའི་བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་ཀྱི་རིག་གནས་རྣམས་རྩ་སྟོང་དུ་འགྲོ་ཐབས་སུ་ཞི་དྲག་སྣ་ཚོགས་ཀྱིས་ཐབས་ལམ་བཀོལ་བཞིན་ཡོད་པ་འདི་མིག་མཐོང་མྱོང་གསལ་རེད། དེ་འདྲའི་སྲིད་བྱུས་ཤིག་འཛིན་པའི་རྒྱབ་ལྗོངས་ནི། མན་ཇུའུ་མི་རིགས་ལ་ཐབས་ལམ་དེ་ག་རང་སྤྱད་པའི་གྲུབ་འབྲས་དང་ནུས་པ་ཐོན་ཡོད་པས་རེད། དེའི་སྟབས་ཀྱིས། ད་ལྟའི་བར་དུ་གྲངས་ཉུང་བོད་མི་རིགས་དེ་རྒྱ་མི་རིགས་ཆེན་པོའི་ནང་དུ་སིམ་འཛུལ་ཡོང་ཐབས་སུ་འཇམ་རྩུབ་སྣ་ཚོགས་ཀྱི་ཐབས་ལམ་སྤྱད་དང་སྤྱོད་བཞིན་པ་ཞིག་རེད་ཅེས་གསུང་བཤད་གནད་ལ་འཁེལ་བ་ཞིག་གནང་ཡོད་པ་རེད།།
གནས་ཚུལ་མཁོ་གཏོང་བ་རྔ་བ་ཚེ་སྐྱིད།

{jcomments on}