ཨ་མདོ་རྔ་པ་ནས་རང་ལུས་མེར་སྲེག་གིས་རྒྱ་ནག་ལ་ངོ་རྒོལ།
ངོ་རྒོལ་བྱས་མ་ཐག་ཏུ་ས་གནས་དེ་གའི་ཉེན་རྟོག་མི་སྣས་རྡུང་བརྡེག་དང་བཅས་ཏེ་མེ་བསད་ཡོད་འདུག་མོད། ཁོང་རྒྱ་ལག་ཏུ་ཤོར་མེད་པར་མི་མང་དང་གྲྭ་པ་རྣམས་ཀྱིས་ཉེན་རྟོག་པའི་ལག་ནས་ཕྲོགས་ཏེ་ཡར་རྔ་པ་ཀིརྟི་དགོན་པའི་ནང་ལ་ཁྱེར་ཡོད་འདུག དེའི་རྗེས་སུ་མི་མང་དང་གྲྭ་པ་ ༡༠༠༠ ལྷག་གིས་ངོ་རྒོལ་སྐད་འབོད་བྱས་ཏེ་ཁྲོམ་མགོ་ནས་སྤྱི་ལེ་ཕྱེད་མ་ཟིན་ཙམ་གྱི་རིང་གོམ་བགྲོད་བྱས་འདུག་ཀྱང།
དེ་ནས་དམག་དཔུང་འབོར་ཆེན་འབྱོར་ནས་ལྕགས་དབྱུག་དང་གློག་རྒྱུག་སོགས་ཀྱིས་གཞུས་ནས་ཚང་མ་ཁ་འཐོར་བཏང་ཞིང་ངོ་རྒོལ་བྱེད་ས་དེ་ནས་ལག་སོན་བྱུང་བའི་མི་མང་དང་གྲྭ་པ་ཡོངས་རྫོགས་འཛིན་བཟུང་བྱས་ཡོད་འདུག་ལ། ལྷག་པར་དུ་གྲྭ་པ་མཐོང་ཚད་འཛིན་བཟུང་བྱས་དང་བྱེད་མུས་ཡིན་འདུག རྒྱ་ལག་ཏུ་མ་ཤོར་བའི་མི་མང་དང་གྲྭ་པ་རྣམས་ཀྱི་ཁྲོད་རྨས་སྐྱོན་ཚབས་ཆེན་ཕོག་པ་མང་པོ་ཡོད་འདུག
རྔ་པ་རྫོང་ཐོག་གི་ཁྲོམ་གཞུང་དང་ཕྱོགས་ཡས་མས་སུ་ཐོན་སའི་ལམ་ཁ་ཡོངས་རྫོགས་དམག་མིས་བཀག་སྡོམ་བྱས་ཏེ་བོད་པ་ཞིག་ཕྱི་ལ་ཐོན་ས་མེད་པ་ལྟ་བུར་གྱུར་ཡོད་པ་རེད། དེ་རྗེས་གནས་ཚུལ་འབྱོར་གསལ་ལྟར་ན་སྐུ་ལུས་མེ་སྲེག་གཏོང་མཁན་གྱི་གྲྭ་ཕུན་ཚོགས་སྐུ་གྲོངས་ཡོད་པ་དང་། ཁོང་གི་སྐུ་ཕུང་རྒྱ་ལག་ཏུ་ཤོར་མེད་ཀྱང་དགོན་པའི་གླིང་མདོའི་སྒོ་ཆེན་ནང་ལ་གྲྭ་པ་རྣམས་ཀྱིས་རྒྱ་དམག་བཀག་འགོག་བྱས་ཏེ་ཚང་མ་མ་ཤི་བར་དུ་ཁོང་གི་སྐུ་ཕུང་རྒྱ་ལག་ཏུ་མི་སྤྲོད་ཟེར་ནས་བསྡད་ཡོད་འདུག
དགོན་པའི་ལྕགས་རིའི་ཕྱི་ལོགས་ཡོངས་རྫོགས་དམག་དཔུང་གིས་སྐོར་ཡོད་འདུག་པས་ཤིན་ཏུ་ཛ་དྲག་གི་གནས་སྟངས་འོག་ལྷག་ཡོད་པ་རེད། དེ་རྗེས་རྔ་པའི་ཕྱོགས་ལ་ལྷ་ས་དང་ཁྲིན་ཏུའུ། བལ་ཡུལ། ཨ་རི་རྒྱ་གར་སོགས་ནས་ཁ་པར་ཐེངས་མང་བཏང་ཡང་གཏན་ནས་འགྲོ་ཐུབ་ཀྱི་མི་འདུག་པས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་།
གནས་ཚུལ་མཁོ་གཏོང་བ་ཀ་ཉག་ཚེ་རིང།
{jcomments on}