༧གོང་ས་མཆོག་གི་གསུང་འཕྲིན་ལག་ལེན་བསྟར་རོགས།

ཞུ་སྙན་དེའི་ནང་འཁོད་དོན། དེ་རིང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གྲོས་ཚོགས་ལ་མང་གཙོ་མདུན་བསྐྱོད་དང་། བོད་དོན་སྲ་བརྟན་ཕུགས་འཕེར་བཟོ་ཆེད་གསུང་འཕྲིན་རིན་པོ་ཆེ་ཕེབས་ཐད་གཞོན་ལྷན་ནས་གྲོས་ཚོགས་ལ་གསལ་འདེབས་ཞུ་རྒྱུར།

སྤྱིར་འཕགས་མཆོག་སྨན་རས་གཟིགས་ཀྱི་རྣམ་སྤྲུལ་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནི། བོད་རྒྱལ་ཁབ་དང་མི་རིགས་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་མ་ཟད། ལྷག་པར་དགྲ་བོ་རྒྱ་ནག་གིས་བོད་རྒྱལ་ཁབ་ཏུ་བཙན་འཛུལ་གྱི་དུས་ངན་དཀའ་སྡུག་ཁྲོད། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་དགུང་གྲངས་༡༦ ལས་སོན་མེད་ཀྱང་། ཐུགས་བསྐྱེད་བཙན་པོས་བོད་རྒྱལ་ཁབ་ཆེན་པོའི་ཆོས་སྲིད་ཟུང་གི་མཛད་འགན་ལྕི་མོ་ཕྲག་ཏུ་བཞེས་ཏེ། བོད་འབངས་ཡོངས་རིས་མེད་ཀུན་སྙོམ་ཆེན་པོས་བྱམས་ཀྱིས་བསྐྱངས་ཤིང། བཙན་བྱོལ་དུ་ཕེབས་རྗེས་ཆ་རྒྱུས་དང་བདེན་རྒྱབ་མེད་པའི་གཞན་ཡུལ་དུ་བོད་མི་ཁྲི་ཚོ་དུ་མའི་འཚོ་ཐབས་དང་བོད་དོན་བདེན་རྒྱབ་གསལ་འཚོལ། གཞིས་ཆགས་ཁག་གསར་འཛུགས། དེ་བཞིན་བོད་ཀྱི་རིག་གཞུང་གི་ལྟེ་གནས་དགོན་སྡེ་གྲྭ་ཚང། སློབ་གྲྭ་གསར་སྐྲུན་གྱིས་བོད་ཕྲུག་རྣམས་འདབ་གཤོག་གཉིས་ལྡན་ཅན་དུ་གསོ་སྐྱོང་། ལྷག་པར་ཡུན་རིང་ཁ་འཐོར་དུ་ཕྱིན་པའི་གངས་ཅན་པ་རྣམས་ཆོས་སྲིད་གཉིས་ཐད་ནས་ཚད་མཐོའི་ཆིག་སྒྲིལ་རང་བཞིན་དུ་དབུ་ཁྲིད་དང་། བཙན་འཛུལ་བའི་མཐའ་འབོད་དང་གཞན་ཡུལ་གྱི་དཀའ་སྡུག་ཁྲོད་ནས་བོད་ཀྱི་མང་གཙོའི་ལམ་བཟང་གསོལ་བསྩལ་གྱིས་གོམ་པ་རིམ་བགྲོད་མདུན་བསྐྱོད་གནང་བ་སོགས། མདོར་ན། བོད་ཤི་གསོན་གྱི་མཚམས་ནས་མྱུར་སྐྱོབ་སྣེ་ཁྲིད་གནང་བའི་བཀའ་དྲིན་ནི་གངས་ཅན་པའི་བྱུང་རབས་ནང་སྔར་མ་གྲགས་པའི་ངོ་མཚར་ཅན་གྱི་མཛད་བཟང་ཞིག་དང། ནམ་ཡང་ང་ཚོས་བརྗེད་དུ་མི་རུང་བ་ཞིག་ཡིན་པ་མ་ཟད། ངེད་བོད་འབངས་རྣམས་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལས་ལྷག་པའི་དབུ་ཁྲིད་ཅིག་ནམ་ཡང་བརྙེད་དུ་མེད། ལོ་ཤས་ནས་མགོན་པོ་མཆོག་གིས་ཕྱེད་བགྲེས་ཡོལ་དང་། བགྲེས་ཡོལ་ཆ་ཚང་གནང་རྒྱུའི་བཀའ་ཡང་ཡང་ཕེབས་པར། མགོན་པོ་མཆོག་འཛིན་སྐྱོང་གི་ལས་དོན་ནས་བགྲེས་ཡོལ་ལས་དེ་མིན་བགྲེས་ཡོལ་མི་མཛད་པ་མཁྱེན་ཞེས་གཞོན་ལྷན་ནས་མཚན་འཁོད་སྙན་ཞུ་ཕུལ་ཡོད་ནའང་ཞེས་ད་ཐེངས་བཀའ་སློབ་ལམ་སྟོན་ནན་མོ་གནང་ཡོད་པའི་སྐོར་གྱིས་གསུང་འཕྲིན་ལུང་འདྲེན་བྱས་ཡོད། འོན་ཀྱང་།

 

དེ་རིང་བོད་མི་མང་སྤྱི་འཐུས་སྐབས་བཙུ་བཞི་པའ་ཚོགས་དུས་བཅུ་གཅིག་པའི་ཐོག་གསུང་འཕྲིན་རིན་པོ་ཆེའི་ནང་“མདོ་དོན་མང་གཙོའི་ལམ་སྲོལ་གྱི་ངོ་བོའམ་སྙིང་དོན་མཐར་ཐུག་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་གང་ཡང་མི་བྱེ་བྲག་པ་གཅིག་ལ་བརྟེན་མི་དགོས་པར། མི་མང་གི་ཆེད་དུ་མི་མང་གིས་བདམས་པའི་མི་མང་གི་འགོ་ཁྲིད་རིམ་པས་མི་མང་གི་འགན་ཁུར་ཆ་ཚང་ཐུབ་པ་བྱེད་རྒྱུ་དེ་ཡིན་སྟབས། ད་ཆ་རང་རེའི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དུ་༧རྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་ཀྱི་འགན་ཁུར་མ་དགོས་པར་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་སོ་སོས་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འགན་ཁུར་བྱེད་དགོས་པའི་དུས་ལ་བབས་ཡོད།”ཞེས་དང་། “བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་རྒྱུན་གནས་ཐུབ་པ་དང་། བོད་མིིའི་དྲང་བདེན་གྱི་འཐབ་རྩོད་རྒྱུན་སྐྱོང་ཐུབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་ཞིང་། ཅི་སྟེ་ད་དུང་ལོ་བཅུ་ཕྲག་འགའ་ཤས་མུ་མཐུད་གནས་དགོས་པ་བྱུང་ན་ངོས་ནས་འགོ་ཁྲིད་བྱེད་མ་ཐུབ་པའི་དུས་ཤིག་ངེས་པར་ཡོང་རྒྱུ་ཡིན་པ་ནི་ཚང་མས་ཤེས་གསལ་དང་། ད་ལྟ་ངོས་རང་བདེ་ཐང་ཡོད་སྐབས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་ཆ་ཚང་༧རྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ངོས་ནས་མཐུན་འགྱུར་བྱེད་ཐུབ། དེ་མིན་འདི་མུར་ལུས་ཏེ་ནམ་ཞིག་གློ་བུར་ངོས་ཀྱི་འགོ་ཁྲིད་མེད་པའི་དུས་སྐབས་ཤར་ཚེ་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་ཞིག་ཡོང་སྲིད་པས་དེ་འདྲ་མི་ཡོང་བའི་ཆེད་ད་ལྟ་ནས་ངེས་པར་ལག་ལེན་བྱེད་དགོས་པ་དེ་བོད་མི་ཡོངས་ཀྱི་གལ་ཆེའི་ལས་འགན་ཞིག་ཏུ་གྱུར་ཡོད།” ཅེས་དང་། “བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་འགྱུར་བ་བཏང་ནས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་ཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མི་སྣས་དུས་ཡུན་ངེས་ཅན་དུ་བྱ་རྒྱུའི་ཆ་རྐྱེན་བསྐྲུན་ཏེ་བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་ངེས་པར་བཟོ་དགོས་”ཞེས་དང་། “ངོས་ཀྱི་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་ཁུར་བྱེད་འདོད་མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་འཐབ་རྩོད་བློས་བཏང་བ་ཞིག་གཏན་ནས་མ་ཡིན་པར་བོད་མིའི་འཕྲལ་ཕུགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན་”བཀའ་སློབ་གསལ་མཐའ་ནན་དུ་་ཕེབས་པ་བཅས་ནི། ཕ་བཟང་པས་བུ་ལ་ཀགྱོན་འདོན་རེ་བཅོལ་གནང་བ་ལྟར། མགོན་པོ་མཆོག་བོད་འབངས་རྣམས་ལ་སྙིང་ནས་བརྩེ་བའི་རླབས་ཆེའི་དགོངས་གཞི་ཟབ་མོ་ཞིག་སྟེ།

 

མདོར་ན། མགོན་པོ་མཆོག་གི་མི་མང་དང་མི་མང་གིས་བདམས་པའི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ལྷན་ཚོགས་ལ་མང་གཙོ་མདུན་སྐྱོད་དང་། འཐབ་རྩོད་ཀྱི་འགན་འཁུར་ཐད་རང་འགན་རང་འཁུར་དགོས་པའི་ཐུགས་རེ་དང་། ལམ་སྟོན་ཟབ་མོ་ཞིག་སྟེ། ལོ་རྒྱུས་རང་བཞིན་གྱི་མདུན་བསྐྱོད་དང་འགྱུར་བ་རླབས་ཆེན་ཞིག་ལགས་པས།  ང་ཚོས་ད་དུང་ཡང་འགན་ཁུར་རྣམས་༧གོང་ས་མཆོག་གི་སྐུ་ཕྲག་ཐོག་མ་གཡུགས་པར། ཚང་མས་རྩ་དོན་ཐོག་འགན་ཁུར་སྔར་ལྷག་ཁྱེར་དགོས་པས། གཞོན་ལྷན་ནས་ཀྱང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཤིག་གི་ངོས་ནས་བོད་རྒྱལ་ཁབ་དང་གངས་ཅན་པའི་མདུན་ལམ་ཐད། སྔར་ལྷག་འགན་ཁུར་བསྒྲུབ་རྒྱུའི་དམ་བཅའ་ཞུ་རྒྱུ་ཡིན། དེ་རིང་གྲོས་ཚོགས་འཐུས་མི་རྣམ་པས་ཀྱང་མང་གཙོ་མདུན་བསྐྱོད་དང། བོད་གཞུང་དང་བོད་དོན་འཐབ་རྩོད་སྲ་བརྟན་གོང་འཕེལ་སོགས། བོད་ཀྱི་མ་འོངས་པར་འགན་ཁུར་བའི་ཐོག་ནས་༧གོང་ས་མཆོག་གི་གསུང་འཕྲིན་རིན་པོ་ཆེའི་དགོངས་དོན་བཞིན། ཚོགས་དུས་འདིའི་ཐོག་ནས་བརྒྱུད་རིམ་དང། འཆར་གཞི་རང་བཞིན་གྱི་ཐག་གཅོད་ངེས་གནང་ཡོང་བའི་འབོད་སྐུལ་གསལ་འདེབས་ཞུ་རྒྱུ་ཡིན།

 

༸གོང་ས་མཆོག་ཕྱེད་བགྲེས་ཡོལ་དང་བགྲེས་ཡོལ་གང་ཞིག་གནང་ཡང། དུས་གཏན་དུ་བོད་རྒྱལ་ཁབ་དང་གངས་ཅན་པའི་སེམས་དབུས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ལགས་ཤིང། ༸རྒྱལ་དབང་རིམ་བྱོན་ནི། གངས་ཅན་པར་འདས་པའི་བྱུང་རབས་ནང་བཀའ་དྲིན་ཧ་ཅང་ཆེ་བ་བཞིན། མ་འོངས་པར་ཡང་༸རྒྱལ་དབང་སྐུ་ཕྲེང་རིམ་ཕེབས་ཀྱིས་བོད་འབངས་རྣས་ཚེ་རབས་རྗེས་འཛིན་དགོས་པ་ནི། ངེད་གངས་ཅན་པའི་ལས་སྨོན་བཟང་པོ་ཞིག་དང། ང་ཚོའི་འགྱུར་བ་མེད་པའི་རྟག་བརྟན་གྱི་རེ་སྨོན་དེ་ཡིན་པ་གསལ་འདེབས་དང་ནན་བརྗོད་ཞུ་རྒྱུ་ཡིན།

 

༧གོང་ས་མཆོག་ཕྱེད་བགྲེས་ཡོལ་དང་བགྲེས་ཡོལ་ཆ་ཚང་གང་ཞིག་གནང་ཡང་། དུས་གཏན་དུ་མགོན་པོ་མཆོག་བོད་རྒྱལ་ཁབ་དང་གངས་ཅན་པའི་སེམས་དབུས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ལགས་ཤིང། ༧རྒྱལ་དབང་རིམ་བྱོན་ནི། གངས་ཅན་པར་འདས་པའི་བྱུང་རབས་ནང་བཀའ་དྲི་ཧ་ཅང་ཆེ་བ་བཞིན། མ་འོངས་པར་ཡང་༧རྒྱལ་དབང་རིམ་ཕེབས་ཀྱིས་བོད་འབངས་རྣམས་ཚེ་རབས་རྗེས་འཛིན་དགོས་པ་ནི། ངེད་གངས་ཅན་པའི་ལས་སྨོན་བཟང་པོ་ཞིག་དང་། ང་ཚོའི་འགྱུར་བ་མེད་པའི་རྟག་བརྟན་གྱི་རེ་སྨོན་དེ་ཡིན་པ་གསོལ་འདེབས་དང་ནན་བརྗོད་ཞུ་རྒྱུ་ཡིན།
མཐའ་དོན་བོད་རྒྱལ་ཁབ་ཆེན་པོའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༧ཞབས་པད་མི་འགྱུར་ཆོས་བདུན་གྱི་ངོ་བོར་བརྟན་ཅིང་། བོད་རང་བཙན་གྱི་རྒྱལ་ཁའི་ཁྲོད་གཞིས་བྱེས་ལྷན་འཛོམས་ཡོང་བའི་རེ་སྨོན་བཅས་ཞེས་གཞོན་ལྷན་གྱི་སྙན་ཞུ་དེའི་ནང་འཁོད་འདུག །

{jcomments on}