དབུས་གཙང་སྤྱི་འཐུས་འོས་མི་དྭང་བླངས་པ་ཕུན་རབ་ཆོས་བཟང་ལགས་སུ་བཅར་འདྲི།

 

དྲི་བ། ༢ སྐུ་ཉིད་ལ་འོས་ཐོབ་ན་ལས་དོན་གཙོ་བོ་གང་ལ་ཤུགས་སྣོན་རྒྱག་རྩིས་ཡོད་དམ།

ལན།༢    རྩ་བའི་ང་ལ་དམིགས་ཡུལ་གསུམ་ཡོད། ༡༽ཤེས་ཡོན། ༢༽དབུ་མའི་ལམ། ༣༽ནང་ཆོས། དེ་གསུམ་ལས་གཙོ་བོ་བོད་པའི་སྤྱི་ཚོགས་ནང་གནའ་དེང་གི་ཤེས་ཡོན་གོང་སྤེལ་གཏང་རྒྱུར་ནུས་པ་ཐོན་པར་ཤུགས་རྒྱག་རྩིས་ཡོད།

 

དྲི་བ། ༣ སྐུ་ཉིད་ཀྱིས་འདས་པའི་གྲོས་ཚོགས་ནང་མ་འགྲིག་ས་གཙོ་བོ་དང་འཐུས་ཤོར་ཕྱིན་པ་ གཙོ་བོ་ག་རེ་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ། དེའི་ཐོག་དགོངས་ཚུལ་ག་རེ་ཡོད།

ལན།༣    ནང་བཀྲ་མ་ཤིས་ན། །ཕྱི་ཡི་དོན་མི་འགྲུབ། །ཅེས་པའི་དཔེ་ལྟར། སྤྱི་འཐུས་ཕན་ཚུན། ཐུགས་མཐུན་པོ་ཨེ་ཡོད་སྙམ། རྒྱུ་མཚན་ནི། སྤྱི་འཐུས་ཚོགས་གཙོ་འོས་འདེམས་སྐབས་ཕྱོགས་གཉིས་ཀས་ལྟ་བ་མཁྲེགས་བཟུང་གནང་བར་སོང་ཚོགས་གཙོ་སྤྱི་མོས་ཕར་བཞག །མང་མོས་ཀྱང་མ་བྱུང་སྟབས་ཚོགས་གཙོ་ལོ་གཉིས་དང་ཕྱེད་ཀ་རེ་གནང་དགོས་བྱུང་བས་དེ་ནས་གསལ་པོར་མཁྱེན་ཐུབ། ཕྱོགས་མཚུངས་ད་ལྟའི་བོད་ཀྱི་གནས་སྟངས་ཆགས་འཇིག་ལ་མ་གཟིགས་པར་དོན་གནད་ཆུང་ཙག་ལ་བསྙད་དེ། རང་རྒྱལ། གཞན་ཕམ། ཕྱོགས་ལྷུང་གི་ལྟ་བ་མཁྲེགས་བཟུང་གནང་བ་དེ་དག་ནི་ཡ་རབས་མཛངས་སྤྱོད་དང་ཡེ་ནས་མི་མཐུན། དེའི་རྒྱུ་རྐྱེན་གཙོ་བོ་ནི་རྟོན་བཞིའི་འགྲོ་སྟངས་དཔྱིས་ཕྱིན་པ་མ་མཁྱེན་པ་ལྟ་བུར་སྣང༌། འབྱུང་འགྱུར་གྲོས་ཚོགས་འཐུས་མི་རྣམས་ཐུགས་མཐུན་པོ་ཡོང་བའི་མཆོག་གསུམ་ལ་གསོལ་འདེབས་ཤུགས་དྲག་ཞུ་གི་ཡོད།

 

དྲི་བ། ༤ གལ་སྲིད་༸གོང་ས་མཆོག་གིས་བོད་ཀྱི་སྲིད་ཀྱི་ཐུགས་འགན་མ་བཞེས་ཚེ་བཅའ་ཁྲིམས་ལ་ བསྒྱུར་བཅོས་གང་དགོས་དང། ད་ལྟའི་བཅའ་ཁྲིམས་ནང་གི་སྡེ་སྲིད་ལྷན་ཚོགས་བསྐོ་སྟངས་ཐོག་དགོངས་ཚུལ་ག་རེ་ཡོད།

ལན། ༤  བོད་དོན་བདེན་མཐའ་མ་གསལ་གྱི་བར་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་ཏན་ཏན་བཞེས་ཀྱི་རེད། དེའི་རྒྱུ་མཚན་ནི།    ཇི་སྲིད་ནམ་མཁའ་གནས་པ་དང༌། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ཀྱང་གནས་གྱུར་ནས། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་པ་ཉམས་བཞེས་གནང་མཁན་ཞིག་ཡིན་པས། ཐུགས་ཆུང་ཐུགས་དྭོགས་མ་གནང་རོགས། །རྡོ་ཆུང་ཆུང་ལྷག་པས་འཁྱེར་དྭོགས་མེད། །དེས་ན། ད་ལྟའི་ཆར་བཅའ་ཁྲིམས་ལ་བསྒྱུར་བཅོས་དགོས་པ་མ་ཤར། སྡེ་སྲིད་ལྷན་ཚོགས་བསྐོ་སྟངས་ཐད་ལ། གྲོས་ཚོགས་སྔོན་མའི་སྤྱི་འཐུས་རྣམ་པས་ཉིན་མང་པོའི་རིང་བསྲེགས་བཅད་བརྡར་བའི་གསེར་བཞིན་གནང་ཡོད་པས་ད་ལྟའི་ཆར་དམིགས་བསལ་བསམ་འཆར་མེད།།