བོད་རང་བཙན་གྱི་འཐབ་རྩོད་ནང་དུ་གཟི་བརྗིད་ཀྱི་ལེའུ་ཞིག་རེད།
དེ་བཞིན་ཚོགས་པ་ཁག་གི་ངོས་ནས་རྒྱལ་སྤྱིའི་གསར་འགོད་པ་དང། ཡུལ་སྐོར་བ་སོགས་ལ་བོད་ནང་གི་གནས་སྟངས་ག་འདྲ་ཡིན་མིན་རང་རང་སོ་སོའི་ལུང་པའི་ནང་དུ་ཁྱབ་བསྒྲགས་དང། དྲ་ལམ་གྱི་ཐོག་ནས་གནས་ཚུལ་རྣམས་བརྒྱུད་སྤྲོད་གནང་རྒྱུའི་རེ་སྐུལ་ཡང་ཞུས་སོང། མར་མེའི་ཁྲོམ་སྐོར་ནང་དུ་གདུང་སེམས་མཉམ་བསྐྱེད་ཀྱིས་བོད་མི་བརྒྱ་ཕྲག་མང་པོ་མཉམ་ཞུགས་བྱས་འདུག
མར་མེའི་ཁྲོམ་སྐོར་ཚར་རྗེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་གཏམ་བཤད་གནང་དོན། ཕྱི་ལོ་༢༠༠༨ ལོའི་ཟླ་༣ པའི་ཚེས་༡༦ ཉིན་རྔ་པ་ཁུལ་དུ་བོད་མི་ཞི་རྒོལ་བ་རྒྱ་དམག་གིས་དམར་གསོད་བཏང་ནས་ལོ་གསུམ་འཁོར་བའི་དུས་དྲན་ཉིན་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས་ཀྱིས་རང་སྲོག་བློས་གཏོང་གིས་རང་ལུས་མེར་བསྲེག་བཏང་ནས་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་པ་དང། བོད་རང་བཙན་ཡིན་པའི་སྐད་འབོད་གནང་བ་རེད། དེའི་སྐབས་སུ་རྒྱ་དམག་གིས་ཉེས་བརྡུང་བཏང་བ་རེད། དེ་ཧ་ཅང་ཚབས་ཆེན་པོ་རེད། བོད་པའི་གྲྭ་པ་ཞིག་གིས་རང་སྲོག་བློས་བཏང་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། དེ་ཡིན་གཅིག་མིན་གཅིག་རྒྱལ་སྤྱིས་ཤེས་དགོས་ཀྱི་རེད། བོད་པའི་ཆོས་པ་ཞིག་ཡིན་ན་སོ་སོའི་སྲོག་དང་དེ་བཞིན་གཞན་གྱི་སྲོག་དེ་ག་ཚོད་རྩ་ཆེན་པོ་ཡིན་པ་མཁྱེན་གྱི་ཡོད་པ་རེད། ཡིན་ནའང་ནང་པའི་གྲྭ་པ་ཞིག་གིས་འ་ཆད་འུ་ཐུག་གིས་སོ་སོའི་རྒྱལ་ཁབ་དང་སོ་སོའི་མི་རིགས། བོད་རང་བཙན་གྱི་ཆེད་དུ་རྩ་ཆེན་ལུས་སྲོག་བློས་བཏང་བ་རེད། དེ་ཚོ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་རབས་ལོ་རྒྱུས་ནང་དུ་འཁོད་ཀྱི་རེད། ཕྱོགས་གཅིག་ནས་བོད་རིགས་སྤུན་ཟླ་ཞིག་ཚེ་ལས་འདས་པ་རེད། ཕྱོགས་གཞན་ཞིག་ནས་བོད་མི་རིགས་དང་རྒྱལ་ཁབ། བོད་རང་བཙན་གྱི་འཐབ་རྩོད་ཀྱི་ནང་དུ་གཟི་བརྗིད་ཀྱི་ལེའུ་ཞིག་ཆགས་བསྡད་ཡོད་པ་རེད་ཅེས་གསུངས་སོང།
དེ་རྗེས་བྱེས་ཀྱི་ཀིརྟི་དགོན་པའི་གྲྭ་ཀ་ཉག་ཚེ་རིང་གིས་གཏམ་བཤད་གནང་དོན། རྒྱ་ནང་གཞུང་བོད་ནང་ལ་སླེབས་པ་ནས་ད་ལྟ་བར་དུ་བོད་མིའི་ཆོས་དང་རིག་གཞུང་རང་བྱུང་ཁོར་ཡུག བོད་མི་རིགས་གོང་འཕེལ་འགྲོ་བ་ལ་སོགས་པའི་ཆེད་དུ་ཁ་ཞེ་གཉིས་མེད་ཀྱི་ཕན་ཐོགས་གཅིག་ཀྱང་བྱེད་མ་མྱོང་བའི་དངོས་ཡོད་ཀྱི་བདེན་པ་ཞིག་ཕྱིར་བསྒྲགས་བྱེད་པའི་ཆེད་དུ་ཚེ་སྲོག་གི་བདེན་དཔང་བྱས་ཡོད་པ་རེད། ཚེ་སྲོག་གི་ལོ་རྒྱུས་འབྲི་ཡི་ཡོད་པ་རེད། རྒྱ་ནག་གཞུང་གིས་ད་ལྟ་བར་དུ་བོད་མི་ཚོའི་བསམ་ཚུལ་ག་རེ་ཡོད་པ་དང། བོད་མི་ཚོ་ལ་རེ་བ་ག་རེ་ཡོད་པ་བསམ་གཞིག་བྱེད་མ་མྱོང་བ་རེད། ད་ལྟ་བར་དུ་གཅིག་བྱུང་ན་བཙོན་འཇུག་བྱས། གཉིས་བྱུང་ན་བཙོན་འཇུག་བྱས། གསུམ་བྱུང་ན་ཚེ་སྲོག་འཕྲོག་ནས་འགྲོ་ཡི་ཡོད་པའི་གནས་སྟངས་ཤིག་གི་འོག་ནས་བོད་མི་ཚོར་འཁྱོལ་དཀའ་བའི་ནམ་ཟླ་ཞིག་ཆགས་ཀྱི་ཡོད་པ་རེད་ཅེས་དང།
རྒྱ་ནག་གཞུང་གིས་མིའི་མིང་དང་ལོ་ཚད་དང་བཅས་པ་གཞན་ཞིག་ཏུ་ཁྱབ་བསྒྲགས་བྱས་པ་དེ་དག་ནི་བདེན་པ་རྩ་བ་ནས་མ་རེད། བདེན་པ་མིན་པ་མ་ཟད་དེ་དག་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གང་བདེན་པ་ཡིན་པ་དང། གང་བདེན་པ་མ་ཡིན་པའི་གནས་ཚུལ་མགོ་རྙོག་པོ་བཟོ་བའི་ཆེད་དུ་རེད། མཐའ་དོན་དེ་ལ་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ཀྱིས་གཙོས་པའི་བོད་རང་དབང་བདེན་པའི་ཆེད་དུ་སྐུ་སྲོག་ཤོར་བའི་དཔའ་བོ་དཔའ་མོ་ཡོངས་རྫོགས་ཀྱི་བདེན་པའི་སྙིང་སྟོབས་དེ་ཇི་སྲིད་བོད་མི་རིགས་ནམ་གནས་ཀྱི་བར་དུ་བོད་མི་ས་ཡ་དྲུག་དང་བོད་གཞིས་བྱེས་གཉིས་ཀྱིས་ནམ་ཡང་བློས་གཏོང་སྲིད་ཀྱི་མ་རེད། བོད་ཀྱི་ལོ་རྒྱུས་ཀྱི་ཐོག་ཏུ་ནམ་ཡང་ཡལ་སྲིད་ཀྱི་མ་རེད་ཅེས་སོགས་འགྲེལ་བརྗོད་གནང་སོང།
སྤྱིར་གྲྭ་ཕུན་ཚོགས་ལགས་ཀྱི་སྐུ་ཕུང་རྒྱ་ནག་གི་ཉེན་རྟོག་པའི་ལག་ནས་གྲྭ་པ་དང་མི་མང་གིས་འཕྲོག་ཐུབ་ཡོད་ཀྱང་། མཐར་སྨན་ཁང་དུ་མྱུར་སྐྱོབས་བྱེད་དུ་ཕྱིན་སྐབས་རྒྱ་ནག་གི་ཉེན་རྟོག་པའི་ཆོག་མཆན་མེད་ན་སྨན་བཅོས་བྱེད་ཆོག་གི་མེད་པར་བརྟེན། ཁོང་གི་སྐུ་ཕུང་ཉེན་རྟོག་པའི་ལག་ཏུ་རྩིས་སྤྲོད་མ་བྱས་རང་བྱས་ཆགས་ཡོད་འདུག དེར་བརྟེན་ཚེས་༡༧ གྱི་ཞོགས་པའི་ཆུ་ཚོད་༣ པའི་ཐོག་འདས་གྲོངས་སུ་ཕྱིན་ཡོད་པ་རེད། འདས་གྲོངས་སོང་བའི་གནས་ཚུལ་གོ་མ་ཐག་རྔ་པ་ཀིརྟི་དགོན་པའི་གྲྭ་པ་ཕལ་ཆེ་བ་གྲྭ་ཕུན་ཚོགས་ལགས་ཀྱི་ཤག་ཏུ་འཛོམས་ནས་བསྔོ་བ་སྨོན་ལམ་གསུང་བཞིན་ཡོད་པ་རེད། འོན་ཀྱང་གྲྭ་ཕུན་ཚོགས་ལགས་ཀྱི་སྐུ་ཕུང་ད་དུང་ནང་མིའི་ལག་ཏུ་རྩིས་སྤྲོད་མ་བྱས་པར་རྒྱ་ནག་གཞུང་གིས་བདག་པོ་བརྒྱབ་ཡོད་འདུག །
{jcomments on}