བཀའ་ཁྲིའི་འོས་མི་གསུམ་གྱི་ད་ལྟའི་ལས་གནས་ལ་དཔྱད་པ།
ང་ཚོས་དབྱེ་ཞིབ་འདི་བརྒྱུད་ནས་འོས་བླུག་མཁན་ཚོར་འོས་མི་སུ་ཞིག་ང་ཚོའི་བཙན་བྱོལ་སྲིད་གཞུང་གི་ཆེས་མཐོའི་ཡིག་ཚང་ནང་དུ་སླེབས་པར་ཁྱད་ནུས་ཡོད་པ་ཤེས་རྟོགས་དང་ཕན་ཐོགས་ཡོང་བའི་རེ་བ་ཡོད།
གཤམ་དུ་ང་ཚོས་འོས་མི་རེ་རེའི་ད་ལྟའི་ལས་གནས་ལ་དབྱེ་ཞིབ་བྱས་ཡོད།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས།
བཀྲས་མཐོང་ནི་སུ་དྲན་ཧྤར་དྲི་གཙུག་ལག་སློབ་གཉེར་ཁང་གི་ Stanford University བོད་རིག་པའི་ཉམས་ཞིབ་ཁང་Tibetan Studies Initiative གི་ཚོགས་གཙོ་དང་སུ་དྲན་ཧྤར་དྲི་གཙུག་ལག་སློབ་གཉེར་ཁང་གི་གསོ་བ་རིག་པའི་སྡེ་ཚན་གྱི་སྙིང་རྗེ་གཞན་ཕན་ཞིབ་འཇུག་དང་སློབ་གཉེར་ལྟེ་གནས་ཁང་གི་ Center for Compassion and Altruism Research and Education ཆེས་མཐོང་ཆེ་བའི་ཞིབ་འཇུག་པ་ཡང་ཡིན། སུ་དྲན་ཧྤར་དྲི་གཙུག་ལག་སློབ་གཉེར་ཁང་དུ་སློབ་ཁྲིད་དང༌། ྋགོང་ས་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་གི་ཚོགས་གཙོ། ༡༠༠ཅན་གྱི་བོད་དོན་ལྷན་ཚོགས་ཀྱི་ངེས་སྟོན་པ་དང་ཚོགས་གཙོའི་ལས་གནས་འཁུར་ཀྱིན་ཡོད། འོན་ཀྱང་ལས་གནས་ཀྱི་མིང་ཙམ་ལས་དོན་དངོས་ཐོག་ལས་དོན་གང་ཡིན་གསལ་བརྗོད་མི་ཐུབ་པས་ང་ཚོས་་ཁོང་གིས་ཚོགས་སྡེ་འདི་དག་གི་སྣེ་འཁྲིད་པ་དང་ཡང་ན་ཁོང་འཛུལ་ཞུགས་ཐོག་ཕྱག་ལས་ཅི་ཞིག་སྒྲུབ་ཀྱིན་པ་དབྱེ་ཞིབ་ཅིག་་བྱས་ཡོད།
སུ་དྲན་ཧྤར་དྲི་གཙུག་ལག་སློབ་གཉེརཁང༌།
བཀྲས་མཐོང་ནི་བོད་རིག་པའི་ཞིབ་འཇུག་ཁང་གི་ཚོགས་གཙོ་བྱས་ཏེ་སུ་དྲན་ཧཕར་དྲི་གཙུག་ལག་སློབ་གཉེར་ཁང་གི་སློབ་གཞིའི་སློབ་ཚན་ནང་བོད་དོན་དང་འབྲེལ་བའི་སློབ་གཞི་བཀོད་བསྒྲིགས་དང། བོད་རིག་པའི་ཞིབ་འཇུག་ཁང་དུ་བོད་དོན་དང་འབྲེལ་བའི་ལས་འགུལ་སྣ་ཚོགས་དང་གསུང་བཤད་སོགས་བཀོད་བསྒྲིགས་བྱེད་ཀྱིན་ཡོད། ཕྱི་ལོ༢༠༡༠ ཟླ་༡༠ ནང་ྋགོང་ས་མཆོག་སུ་དྲན་ཧྤར་དྲི་གཙུག་སློབ་གཉེར་ཁང་དུ་གདན་འདྲེན་དང༌། གསོ་རྒྱལ་རིན་པོ་ཆེ་དང་རྩོམ་པོ་མ་ཐེ་ཡུས་རི་ཅ་དྲི་བཅས་ཀྱི་གསུང་བཤད་བཀོད་བསྒྲིགས་བྱས་ཡོད། ད་དུང་བོད་ནང་དང། རྒྱ་གར། འབྲུག་ཡུལ། སོག་པོ་བཅས་ནས་ཕྱི་རྒྱལ་ཁག་ཏུ་སློབ་གཉེར་བར་སློབ་ཡོན་ལས་འཆར་སོགས་ཀྱི་ཕྱག་ལས་གནང་གི་འདུག
སུ་དྲན་ཧྤར་དྲི་གཙུག་ལག་སློབ་གཉེར་ཁང་གི་གསོ་བ་རིག་པའི་སྡེ་ཚན་ཁོངས་སྙིང་རྗེ་དང་གཞན་ཕན་ཞིབ་འཇུག་སློབ་གཉེར་ལྟེ་གནས་ཁང་གི་དྲ་གནས་ལ་གཞིགས་ན། ཚོགས་པའི་དམིགས་ཡུལ་ནི་ཞིབ་འཇུག་པ་དང་ཤེས་ཡོན་ཅན་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་དེ་དང༌། སེམས་ཁམས་རིག་པ། རྩ་ཁམས་རིག་པ། སྙིང་རྗེ་དང་གཞན་ཕན་རིང་ལུགས་སོགས་ཀྱི་འབྲེལ་བར་སློབ་གཉེར་བྱེད་རྒྱུ། ལྟེ་གནས་ཁང་འདི་ནི་སུ་དྲན་ཧཕར་དྲི་གསོ་བ་རིག་པའི་དགེ་རྒན་ཆེན་མོ་གསུམ་དང་བཀྲས་མཐོང༌། སྐུའི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་བཅས་ཀྱིས་གསར་འཛུགས་བྱས་པ་དང་ང་ཚོས་ཁོང་ཚོ་སོ་སོས་ཕྱག་ལས་ཅི་ཞིག་གནང་གི་ཡོད་པ་ཁ་གསལ་ངང་ནས་བརྗོད་ཐུབ་མ་སོང༌།
སུ་དྲན་ཧྤར་དྲི་གཙུག་ལག་སློབ་གཉེར་ཁང་གི་དྲ་གནས་ལ་གཞིགས་ན་བཀྲས་མཐོང་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་དང་དེང་དུས་ཆབ་སྲིད་ཀྱི་རྒྱུད་རིམ་སློབ་ཁྲིད་གནང་གི་ཡོད་པ་དང༌། སུ་དྲན་ཧྤར་དྲི་གཙུག་ལག་སློབ་གཉེར་ཁང་གི་ཉེ་ཆར་གྱི་སློབ་གཞིའི་རེའུ་མིག་ནང་བཀོད་དོན། ཁོང་གིས་བོད་དང་ྋགོང་ས་ཏཱ་ལའི་བླ་མ་དང༌། བོད་ཀྱི་ལོ་རྒྱུས། ཆབ་སྲིད་དང་མ་འོངས་བོད་ཅེས་པ་དང་དེང་དུས་ཆབ་སྲིད་ཀྱི་རྒྱུད་རིམ་སློབ་ཁྲིད་གནང་གི་ཡོད་པ་བཀོད་འདུག་ཀྱང༌། ད་བར་ལོ་རྒྱུས་སྡེ་ཚན་གྱིས་་བཀྲས་མཐོང་གི་འཁྲིད་གཞི་གང་ཞིག་འཁྲིད་ཀྱིན་ཡོད་པ་བཀོད་མི་འདུག
ྋགོང་ས་ཏ་ལའི་བླ་་མ་མཆོག་གི་ཐེབས་རྩ།
བཀྲས་མཐོང་ནི་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་ཐེབས་རྩ་འི་ཚོགས་གཙོ་ཡིན་པ་དང༌། ཐེབས་རྩ་ཁང་གི་དམིགས་ཡུལ་ནི་གཞི་རྩའི་ཤེས་ཡོན་ལ་དོ་འཁུར་དང་དམིགས་བསལ་གྱིས་ཕྱིའི་དངོས་པོ་ཡར་རྒྱས་ཀྱི་ཐོག་ནས་ཞི་བདེ་དང་ཀུན་སྤྱོད་གོང་འཕེལ་གཏོང་རྒྱུ་དེ་རེད་འདུག དཔེར་ན། ཐེབས་རྩ་་འདིས་གཞོན་སྐྱེས་ཚོའི་ཀུན་སྤྱོད་ལ་སྨིན་པའི་སླད་ྋགོང་ས་མཆོག་གིས་ལྗགས་རྩོམ་གནང་བའི་ལོ་སྟོང་གསར་བའི་ཀུན་སྤྱོད་ཅེས་བའིཕྱག་དེབ་དེ་རྒྱ་ཡིག་གཙོས་སྐད་ཡིག་ལྔ་ནང་བསྒྱུར་འདུག ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་ཐེབས་རྩ་ཚོགས་པས་ཚོགས་སྡེ་གཞན་ཁག་ལ་དངུལ་གྱིས་རོགས་སྐྱོར་དམིགས་བསལ་བྱེད་ཀྱིན་མི་འདུག འོན་ཀྱང་ཐེབས་རྩ་འདིས་བོད་དང་འབྲེལ་བའི་ཆབ་སྲིད་བཙོན་པ་ཚོ་དང༌།་ བུད་མེད། དེང་རབས་ཀྱི་བོད་ཀྱི་་རི་མོའི་སྒྱུ་རྩལ། སེ་ར་དགོན་པ། ར་ཤི་ཡའི་ནང་དང་མཚོ་ན་མའི་ཆགས་སྒོ་ tsunami relief ལ་རོགས་སྐྱོར་གནང་འདུག
ཐེབས་རྩ་་འདི་ནི་ཁེ་མེད་དགེ་རྩའི་ངོ་བོའི་ཐོག་ནས་དེབ་སྐྱེལ་བྱས་ཡོད་པས་ཨ་རིའི་དཔལ་འབྱོར་མཉམ་འབྲེལ་གྱིས་སྟངས་འཛིན་བྱེད་ཀྱིན་ཡོད་པ་དང་འགྲོ་གྲོན་ཕྱི་གསལ་ནང་གསལ་གྱི་ལམ་ལུགས་ཐོག་འཛིན་སྐྱོང་གནང་གི་འདུག ཕྱི་ལོ་༢༠༠༨ལོའི་དཔྱ་ཁྲལ་སྐབས་ཐེབས་རྩའི་ཡོང་འབབ་ཨ་སྒོར་༡༥༡༨༩༢་ལས་༡༣༩༠༡༠འགྲོ་སོང་བཏང་ཡོད་པ་ཐེབས་རྩའི་དྲ་གནས་ཐོག་ཕྱི་གསལ་ངང་བཀོད་འདུག དྲ་གནས་ནང་བཀོད་དོན། ཡོང་འབབ་གསུམ་ཆ་གཉིས་ཐེབས་རྩའི་ལས་འཆར་ལ་གཏོང་གི་ཡོད་པ་དང་གསུམ་ཆ་གཅིག་འཛིན་སྐྱོང་དང་ལས་འགུལ་གྱི་འགྲོ་གྲོན་ཐོག་གཏོང་གི་ཡོད། དེའི་ནང་ནས་ཨ་སྒོར་༣༦༠༠༠ བཀྲས་མཐོང་ལགས་ལ་གསོལ་ཕོག་དང༌། ཨ་སྒོར༡༢༠༠༠དྲི་རིལ་ཤར་Treasureལ་བཏང་འདུག
སྤྱིར་རང་དབང་དགེ་རྩའི་ཚད་འཛིན་ལམ་སྟོན་དྲ་གནས་ independent rating website Charity Navigator ལ་གཞིགས་ན་དགེ་རྩ་ཁག་བཅུ་ལས་དགུ་ཡིས་ཡོང་འབབ་བརྒྱ་ཆ་༣༠ དང་ཡང་ན་དེ་ལས་ཅུང་ཉུང་བ་ཞིག་འཛིན་སྐྱོང་ཐོག་ལ་གཏོང་གི་ཡོད་པ་དང༌། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་ཐེབས་རྩས་ཀྱང་འགྲོ་གྲོན་གྱི་ཚད་འདི་ལྟར་ཡིན་ལ་ཡོང་འབབ་དང་འགྲོ་གྲོན་སོགས་སྤྱི་ཚོགས་རམ་འདེགས་ཀྱི་ཐེབས་རྩ་འི་རིགས་གཞན་དང་གཅིག་མཚུངས་རེད་འདུག གཞན་ཡང་བཀྲས་མཐོང་མཉམ་ཞུགས་ཐོག་གསར་འཛུགས་བྱས་པའི་སྒྲིགས་འཛུགས་ཆེ་ཁག་དག་དང་ྋགོང་ས་ཏཱ་ལའི་བླ་མའི་ཐེབས་རྩར་ཞིབ་བསྡུར་སྟབས་བདེ་ཞིག་བྱས་ཏེ་བརྗོད་ན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོའི་གསོལ་ཕོག་ནི་ཨ་སྒོར་༡༠༤༧༨༩་ཡིན་པ་དང་འགྲོ་གྲོན་མ་དངུལ་ཨ་སྒོར་ས་ཡ་༤༢ ལས་བརྒྱ་ཆ་༢༥འཛིན་སྐྱོང་དང་ཡོང་འབབ་བསྡུ་བའིལས་འཆར་དང༌། བོད་ཀྱི་ཐེབས་རྩ་ཚོགས་པས་ཀྱང་འཛིན་སྐྱོང་འགན་འཛིན་ལ་གསོལ་ཕོག་ཨ་སྒོར་༩༩༢༣༨ དང་འགྲོ་གྲོན་མ་དངུལ་ཨ་སྒོར་ས་ཡ་༥༨ལས་བརྒྱ་ཆ་བདུན་འཛིན་སྐྱོང་དང་ཡོང་འབབ་བསྡུ་བའི་ལས་འཆར་ཐོག་ལ་གཏོང་གི་འདུག ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་ཐེབས་རྩས་ཕྱི་གསལ་ནང་གསལ་ངང་ཡོང་འབབ་གསལ་བསྒྲགས་བྱས་པར་གཞིགས་ན། ཕྱི་ལོ་༢༠༠༨ ལོའི་ཡོང་འབབ་ཨ་སྒོར་༡༥༡༨༩༢ལས། མང་ཚོགས་ཀྱིས་ཨ་སྒོར་༡༡༡༡༡༩དང།་ སྤྱི་མཐུན་ཚོགས་པ་ཁག་གིས་ཨ་སྒོར་༢༤༣༨༣ཞལ་འདེབས་བྱུང་འདུག དངུལ་ཁང་ལ་བཅོལ་བའི་སྐྱེད་ཀ་དང་ཁེ་ཚོང་ལས་ཨ་སྒོར་༡༥༥༡༠ཐོབ། ང་ཚོས་ཞལ་འདེབས་འབུལ་མཁན་དོ་བདག་སུ་ཡིན་ཤེས་ཐབས་ལ་འབད་པ་བྱས་ཀྱང་ངོས་འཛིན་མ་བྱུང༌། འོན་ཀྱང་ང་ཚོས་ཐེབས་རྩ་ཚོགས་པ་གཞན་དག་ལ་དེའི་ཐད་ཞིབ་འཇུག་བྱས་ཀྱང་གཅིག་མཚུངས་ལྟར་ལག་སོན་མ་བྱུང༌། ང་ཚོས་བཀྲས་མཐོང་ངམ་ཡང་ན་ཐེབས་རྩའི་རྒྱུན་ལས་འགན་འཛིན་ཚོར་གལ་ཆེའི་ཞལ་འདེབས་འབུལ་མཁན་དག་སུ་ཡིན་བརྗོད་པར་འདྲི་གཅོད་བྱས་མེད།
ྋགོང་ས་མཆོག་གིས་གཙོ་འགན་འཁུར་བའི་སྒྲིགས་འཛུགས་དག་གི་མིང་བྱང་ང་ཚོས་ཤེས་འདོད་ཆེན་པོ་བྱུང་བས་འཚོལ་ཞིབ་བྱས་པརྋགོང་ས་ཏཱ་ལའི་བླ་མ་མཆོག་གི་་ཐེབས་རྩ་འི་དྲ་གནས་ནང་ཁོང་གི་ཕྱག་བྲིས་ཤིག་བཀོད་འདུག ཕྱག་བྲིས་ཀྱི་ནང་བརྗོད་གསལ་ལ་ྋགོང་ས་མཆོག་གིས་ཐེབས་རྩ་གསར་འཛུགས་ཀྱི་ལས་དོན་ལ་ཐད་ཀར་ཕྱག་ལས་གནང་གི་མེད་པ་ྋགོང་ས་མཆོག་གི་ཕྱག་བྲིས་ནང་བརྗོད་འདུག་ལ། ཁྱེད་ཚོས་དཀའ་ངལ་འཛེམས་མེད་ངང་ཞི་བདེ་ལ་སྨིན་པའི་འཆར་སྒོ་དག་ལྷག་བསམ་དང་སྙིང་སྟོབས་ལྡན་པའི་སྒོ་ནས་ལག་ལེན་བསྟར་བར་ངས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བཀོད་འདུག རྒྱུ་མཚན་འདིས་དབང་གིས་ྋགོང་ས་མཆོག་གིས་ཁོང་གི་མཚན་བེད་སྤྱོད་གཏོང་བར་ཆོག་མཆན་དང་མཚན་རྟགས་བཀོད་པར་ཐུགས་སྤྲོ་བའི་ངང་མོས་མཐུན་ཡོད་ཅེས་གསུང་པ་གསལ་པོ་རེད།
ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་ཐེབས་རྩའི་དྲ་གནས་ལ་གཞིགས་ན་བཀྲས་མཐོང་མ་ཡིན་པའི་གཞན་ཐེབས་རྩར་མ་དངུལ་འཇོག་མཁན་སེམས་ཀྱི་ཞི་བདེ་ཞེས་བའི་ཕྱག་དེབ་གོང་ས་མཆོག་དང་མཉམ་དུ་འབྲི་མཁན་མཁས་དབང་ཧོ་བར་དྲི་ཀིས་དྲར་ Dr. Howard Cutler དང༌། ཧ་བར་མཐོ་སློབ་ཀྱི་ཁྲིམས་རྩོད་ཕྱག་འཁྱེར་བཞེས་མཁན་དང་སློབ་ཟུར། སེམས་དང་ཚེ་སྲོག་ལྟེ་གནས་ཁང་གསར་འཛུགས་གནང་མཁན་ཨ་སྡམ་ཨིན་གལ Adam Engle དང༌། རིལ་ཅ་དྲི་དགུ་རིལ། སློབ་དཔོན་བདྨ་རྒྱལ་པོ། རྒྱ་རི་བློ་གྲོས་རྒྱལ་མཚན། ཧ་བར་མཐོ་སློབ་ཀྱི་སློབ་དཔོན་ཇ་ནེ་དྲི་རྒྱ་མཚོ Professor Janet Gyatso སློབ་དཔོན་ཇེ་ཧྤུ་རེ་ཧོབ་ཀིན Professor Jeffrey Hopkins དགེ་ཤེས་ཐུབ་བསྟན་སྤྱིན་པ། སློབ་དཔོན་སྡོན་ལོ་པུ་ཚུ་, Professor Don Lopez མངའ་རིས་རིན་པོ་ཆེ་དང་བོད་བཙན་བྱོལ་སྲིད་གཞུང་གི་ཁྲིམས་མཐུན་གྱི་སློབ་སྟོན་པ་མི་ཅལ་བན་བལ་དྲི་ Michael van Walt བཅས་རེད་འདུག
༡༠༠ཅན་གྱི་བོད་དོན་ལྷན་ཚོགས།
བཀྲས་མཐོང་ནི་༡༠༠ཅན་གྱི་བོད་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ངེས་སྟོན་པ་ཡིན། ཚོགས་པའི་དམིགས་ཡུལ་ནི་འཛམ་གླིང་མི་མང་དང་རྒྱལ་ཁབ་ཡོངས་ལ། བོད་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཙན་འཛུལ་དང་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང༌། རང་དབང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སོགས་རྡོག་རོལ་གཏོང་གི་ཡོད་པ་རྣམས་མཚམས་འཇོག་བྱེད་དགོས་པའི་རེ་འདུན་ཞུ་བཞིན་འདུག
ལྷན་ཚོགས་ཀྱི་ཚོགས་མིའི་ཁྲོད་ནོ་བྷེལ་གཟེངས་རྟགས་གཞེས་མཁན་གྱི་མི་སྣ་རླབས་ཆེན་ཁག་ཚུད་ཡོད། ཨར་ཀིས་སྦིས་ཞབ་སྒྲིལ་མོན་དྲི་དཀྲ་ཀྲོས་ Archbishop Desmond Tutu དང༌།ནོ་བྷེལ་གསོ་བ་རིག་པ་དང་དཔལ་འབྱོར་གྱི་གཟེངས་རྟགས་གཞེས་མཁན་ཆབ་སྲིད་ཀྱི་དབུ་འཁྲིད་བལ་ཀུ་ལོ་ཧ་བལ Vaclav Havel དང་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་བ་ཇོར་ཆུ་ཧྤར་ནན་སྡིས་སུ་ George Fernandes ཨ་རིའི་རྒྱལ་ཡོངས་ཁྲིམས་རྩོད་ཆེན་མོ། པ་ཀྲ་སྒོ་ནི་ཡ་སྒྲིགས་འཛུགས་གསར་འཛུགས་གནང་མཁན་གྱི་ ལིས་ཅུ་ཏན་སུ་ཏིན་གྱི་རྒྱལ་སྲས་Prince of Lichtenstein མཁས་མཆོག་མར་དྲི་ལུས་ཐར་ཀིན་ Dr. Martin Luther King གྱི་ལྕམ་དང་གཙོས་སློབ་དཔོན་ཆེན་མོ་སོགས་རེད་འདུག
ལྷན་ཚོགས་འདིས་ད་བར་དམིགས་སུ་བཟུང་ནས་དོ་འཁུར་བྱེད་ཀྱིན་ཡོད་པ་ནི་བོད་མིའི་རང་ཐག་རང་གཅོད་ཀྱི་ལས་གཞི་དང༌། བོད་དོན་ཡིག་ཆ་ཕྱོགས་བསྒྲིགས། འབོར་བཞིན་པའི་ཞི་བདེ་ཞེས་བསྐོར་བསྐྱོད་འགྲེམས་སྟོན་ཏེ་སྒྱུ་རྩལ་བ་ཚོས་འབོར་བཞིན་པའི་ཞི་བདེ་ནི་ྋགོང་ས་མཆོག་ཡིན་པར་ངོས་འཛིན་བྱེད་ཀྱིན་འདུག