འཕྲལ་སེལ་གྱི་དཀའ་ངལ་བཤད་ནས་ཕུགས་རྒྱང་རིང་པོའི་དགོས་མཁོ་འགོག་མི་རུང༌།

མང་ཚོགས་དཀྱུས་མའི་ཁྲོད་མང་གཙོའི་འཕེལ་རིམ་དང་དེ་བཞིན་ཕུགས་ཀྱི་དཀའ་ངལ་དང་དགོས་མཁོ་རྣམས་ཇི་བཞིན་མ་རྟོགས་པར། དགོངས་གཞི་དེ་ཉིད་དང་ལེན་མི་ཐུབ་པའི་རིགས་ཡོང་ངེས་ལགས་ཀྱང༌། ཧ་ཅང་བློ་ཕམ་པ་ཞིག་ལ་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བཀའ་ཁྲི་དང་གྲོས་ཚོགས་འཐུས་མི་ཚོས་འགྱུར་བ་དེའི་དགོས་ཕན་རྣམས་ཇི་བཞིན་མ་རྟོགས་པའམ་རྟོགས་བཞིན་དུ། སྒེར་ཕན་དང་འགན་འཁུར་ལས་གཡོལ་ཆེད་ཡིན་ནམ་ཡང་ན་རྒྱུ་རྐྱེན་གཞན་ཡོད། གང་ལྟར་ཁོང་ཚོས་ྋགོང་ས་མཆོག་བགྲེས་ཡོལ་ཕེབས་ཚེ་དེའི་དཀའ་ངལ་གྱི་ཕྱོགས་ངོས་ཁོ་ན་ལས། དེའི་དགོས་ཕན་རྣམས་གླེང་གི་མེད་པ་མ་ཟད། དེ་བས་ཀྱང༌། གནད་དོན་མང་པོ་ཞིག་ལོག་འགྲེལ་བྱས་པ་ནི། བོད་ཀྱི་མ་འོངས་པའི་ཉེན་ཁ་ཞིག་དང༌། ད་དུང་ཡང་ང་ཚོའི་བཀའ་ཤག་དང་གྲོས་ཚོགས་འཐུས་མི་ཚོར་བོད་ཀྱི་མ་འོངས་པར་འཆར་གཞི་དང་འགན་འཁུར་གྱི་བསམ་སྤྱོད་ཧ་ཅང་དམའ་ཚད་དུ་ཡོད་པའི་དན་རྟགས་ཤིག་ཡིན།

བོད་ཀྱི་ཕུགས་རྒྱང་རིང་པོའི་དགོས་ཕན་ཆེད་བགྲེས་ཡོལ་ཆ་ཚང་གནང་རྒྱུའི་དགོངས་གཞི་སྔ་མོ་ཞིག་ནས་ཡོད་ཀྱང༌། མང་ཚོགས་ཀྱི་བསམ་བློའི་སྨིན་ཚད་དབང་གིས་དེ་ལྟར་དང་ལེན་བྱེད་དཀའ་བར་བརྟེན། རྒྱུན་རིང་ཡང་ཡང་དེ་སྐོར་ཕེབས་པ་མ་ཟད། དེ་རིང་གྲོས་ཚོགས་ཐོག་དགག་དགོས་རྒྱུ་མཚན་རྣམས་ཧ་ཅང་ཞིབ་གསལ་དང་མཐའ་ནན་གྱིས་ཕེབས་ཡོད་ཅིང༌། དེ་འབྲེལ་བཅའ་ཁྲིམས་ལ་འགྱུར་བ་གཏོང་དགོས་ངེས་ཡིན་མོད། འོན་ཀྱང་དེ་རིང་དེ་འབྲེལ་གསུང་འཕྲིན་རིན་པོ་ཆེ་གྲོས་ཚོགས་ནང་ཕེབས་སྐབས། བཀའ་སྤྱིའི་འོས་བསྡུ་བྱེད་པར་ཉིན་གྲངས་དྲུག་ལས་མེད་ཅིང༌། ང་ཚོའི་བཀའ་སྤྱིའི་འོས་གཞི་མང་པོ་ཞིག་ལྷག་བསམ་རྣམ་དག་ཡིན་ངེས་ཀྱང༌། འོས་གཞི་ཁག་ཅིག་ནས་རང་ཉིད་ཀྱི་འོས་ཤོག་ཤོར་བའི་འཇིགས་སྣང་འོག རང་ཉིད་ཀྱི་ལྟ་བ་ལངས་ཕྱོགས་དང༌། བསམ་ཚུལ་ངོ་མ་ལས་ཟློག་པའི་སྐབས་འཚོལ་གྱི་གཏམ་བཤད་ནི་གཅིག་རྗེས་གཉིད་མཐུད་དུ་ཐོན་དང་ཐོན་བཞིན་ཡོད་ཅིང༌། ལྷག་པར་ྋགོང་ས་མཆོག་གི་སྐུ་དབང་དང་འབྲེལ་བའི་ཐད་དེ་དག་གིས་སོ་སོའི་བསམ་ཚུལ་ངོ་མ་དང༌། བོད་ཀྱི་དགོས་མཁོ་ཇི་ཡིན་མི་གླེང་བར། ྋགོང་ས་མཆོག་ལ་དད་སེམས་དང་མང་ཚོགས་ལ་འགན་འཁུར་ཆེ་མདོག་གིས་འཁྲབ་སྟོན་རྫུན་མ་ཞིག་བྱེད་ཉེན་ཆེ་བ་བཞིན། དེ་རིང་གྲོས་ཚོགས་ནང་གཏམ་བཤད་མཁས་སྙན་འདྲ་ཆགས་རེ་སྤེལ་ཏེ། སླར་ཡང་སོ་སོའི་འགན་འཁུར་ྋགོང་ས་མཆོག་གི་སྐུ་ཕྲག་ཏུ་གཡུགས་ཐབས་བྱས་ཡོད།

འོན་ཀྱང་བགྲེས་ཡོལ་ཕེབས་ན་མི་འགྲིག་པ་གསུང་མཁན་ཁྲོད་ནས་ཁག་ཅིག་གི་ལྷག་བསམ་རྣམ་དག་ཀྱང་ཡིན་ངེས་མོད། འོན་ཀྱང༌། རྒྱལ་ཁབ་ཀྱི་ལས་དབང་ལ་ལྷག་བསམ་ཁོ་ནས་མི་ཆོག་པར། ཕུགས་རྒྱང་རིང་པོར་བལྟ་ཐུབ་པའི་བློ་མིག་དང༌། འཆར་སྣང༌། དེ་ལྟའི་འགན་འཁུར་གྱི་ཆོད་སེམས་དང་སྙིང་སྟོབས་དགོས་པ་མ་ཟད། དེ་བས་ཀྱང་སྤྱིར་དབུ་ཁྲིད་ཚོར་བསམ་བློའི་སྨིན་ཚད་མང་ཚོགས་ལས་མཐོ་བ་ཞིག་དགོས་པ་ལས། བསམ་བློའི་སྨིན་ཚད་མང་ཚོགས་ཙམ་ལས་མེད་ཅིང༌། བླང་དོར་ཅི་ཡང་མེད་པར་མང་ཚོགས་ཀྱི་བསམ་ཚུལ་ཡིན་པ་ཙམ་གྱིས་དེར་བསྟུན་ཐབས་བྱེད་མཁན་གྱི་དབུ་ཁྲིད་ནི། དགོས་མེད་ཀྱི་འགྲོ་གྲོན་འཕར་མ་ཙམ་ལས་ཅི་ཡང་མེད།
འགོ་ཁྲིད་ཅིག་ངོས་ནས་ཚོར་སྣང་གིས་བཀའ་མོལ་དང་ཐག་གཅོད་འོག ཕུགས་རྒྱང་རིང་པོའི་མཐོང་ལམ་སྒྲིབ་ཚེ་དེ་ནི་ཧ་ཅང་ཉེན་ཁ་ཆེན་པོ་ཞིག་ཡིན།

འགོ་ཁྲིད་ཀྱི་འགན་ནུས་ནི། འགོ་ཁྲིད་ཚོས་མང་ཚོགས་ལས་ཚད་མཐོ་བའི་བསམ་སྤྱོད་ལ་བརྟེན་ནས་མང་ཚོགས་སྣེ་འཁྲིད་དང༌། རྒྱལ་ཁབ་ཀྱི་མ་འོངས་པའི་མདུན་ལམ་བསྐྲུན་དགོས་ཤིང༌། མདོར་ན། དབུ་ཁྲིད་ལ་གོ་སྐབས་ལས་ཀྱང་འགན་འཁུར་གལ་ཆེ་བ་བརྩི་རྒྱུའི་སྤྱི་སེམས་ཤིག་ངེས་པར་དགོས་ངེས་ཀྱང༌། ང་ཚོའི་འཐུས་མི་ཚོ་ལ་དེ་ལྟར་མེད་པ་ནི། ང་ཚོས་འཐུས་མི་འདེམས་སྟངས་ནོར་སོང་བ་ལ་ཐུག་ཡོད་པས། འཐུས་མི་ཚོ་ཁོ་ནར་ལེ་བདའ་མི་རུང་བར། ང་ཚོས་ང་ཚོར་ཡང་བསྐྱར་ཞིབ་བྱ་དགོས།

ྋགོང་ས་མཆོག་བགྲེས་ཡོལ་ཆ་ཚང་གནང་ཚེ་དེར་བོད་ཀྱི་རྩ་དོན་ལ་དཀའ་ཉེན་དང་དགོས་ཕན་གྱི་ཕྱོགས་ངོས་གཉིས་ཀ་ཡོད་པ་མ་ཟད། དཀའ་ཉེན་རྣམས་ངེས་པར་གདོང་ལེན་དགོས་པའི་གནས་སྐབས་ཀྱི་དཀའ་ཉེན་དང༌། དགོས་ཕན་རྣམས་གནས་སྐབས་ཀྱི་དཀའ་ཉེན་ལས་ཆེ་བ་མ་ཟད། དེ་ཡང་ཕུགས་རྒྱང་རིང་པོའི་དགོས་ཕན་ཆགས་ཡོད་མོད། གྲོས་ཚོགས་འཐུས་མི་ཚོས་བགྲེས་ཡོལ་གྱི་དཀའ་ཉེན་ཁོ་ན་གླེང་བ་ལས། དགོས་ཕན་རྣམས་ཟུར་ཙམ་ཡང་གླེང་མེད་པ་མ་ཟད། ད་དུང་བཀའ་བློན་ཁྲི་པ་དང་གྲོས་ཚོགས་འཐུས་མི་ཚོས་དཀའ་ཉེན་གྱི་ཕྱོགས་རྣམས་འགྲེལ་བཤད་ལོག་པ་ཡང་བརྒྱབ་སོང༌།

དཔེར་ན། བགྲེས་ཡོལ་གནང་ཚེ་བོད་གཞུང་ལ་རྒྱལ་སྤྱིའི་ངོས་འཛིན་ཡོད་པ་བརླག་འགྲོ་སྐོར་བཤད་ཡོད་ཀྱང༌། དོན་དངོས་ཐོག་ད་ཡོད་རྒྱལ་སྤྱིས་ཐོག་བོད་ཀྱི་བདེན་དོན་དང་ྋགོང་ས་མཆོག་གི་གཟི་བྱིན་ལ་བརྟེན་ནས་བོད་གཞུང་ལ་རྒྱ་གར་གྱི་གཙོས་སྲིད་གཞུང་ཁག་གིས་ལག་ལེན་ངོ་མའི་ཐོག་ནས་ངོས་ལེན་གང་ལེགས་ཡོད་མོད། འོན་ཀྱང་རྒྱ་ནག་ལ་བསྟུན་མཁས་འོག་ལག་ལེན་ཐོག་གི་ངོས་ལེན་དེ་ཉིད་ཡོངས་གྲགས་ཡིག་ཐོག་དང་བརྒྱུད་ལམ་དུ་ཕྱིར་མངོན་པའི་རྣམ་འགྱུར་གྱི་ངོས་ལེན་ནི་སྲིད་གཞུང་སུས་ཀྱང་མེད་པར། ྋགོང་ས་མཆོག་ལ་བོད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཙམ་ལས་ཆབ་སྲིད་ཀྱི་དབུ་ཁྲིད་དུ་ངོས་ལེན་བྱེད་པའི་གནས་བབ་མེད་ཅིང༌། ལག་ལེན་ཐོག་བོད་གཞུང་ངོས་ལེན་དང་རྣམ་འགྱུར་ཐོག་ནས་ྋགོང་མཆོག་བོད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ནི་བགྲེས་ཡོལ་གནང་བའི་རྗེས་སུ་ཡང་མུ་མཐུད་གནས་ངེས་མ་ཟད། རྒྱ་ནག་དང་ལི་བྷི་ཡ་སོགས་ལ་སྲིད་དབང་འཕོ་འགྱུར་ཆེད་ཚེ་སྲོག་གྲངས་མེད་ཀྱིས་འཐབ་རྩོད་བྱེད་བཞིན་པའི་སྐབས་སུ། འདི་ལྟར་ྋགོང་ས་མཆོག་གིས་རང་ཉིད་ཀྱི་སྐུ་དབང་མི་མང་གིས་བདམས་པའི་དབུ་ཁྲིད་ལ་མར་རྩིས་སྤྲོད་གནང་བའི་རང་འགུལ་གྱི་མདུན་སྐྱོད་དེས་རྒྱལ་སྤྱིའི་ཐོག་ྋགོང་ས་མཆོག་ལ་སྔར་ལྷག་ཆེ་མཐོང་གུས་བཀུར་ཐོབ་ངེས་མ་ཟད། ྋགོང་ས་མཆོག་བཀས་བཀོད་རྒྱུན་འཛིན་པ་ཡིན་སྐོར་བརྗོད་པའི་རྒྱ་ནག་གི་འཁྱོག་བརྗོད་རིམ་པའི་རྫུན་རྐུབ་ཡོངས་སུ་དོར་ཏེ། བོད་ཀྱི་འཐབ་རྩོད་དེ་ཏཱ་ལ་བླ་མ་སྒེར་གྱི་ཁེ་ཕན་ཆེད་མིན་པའི་ར་སྤྲོད་གསལ་པོ་བྱུང་བ་བརྒྱུད། བོད་དོན་འཐབ་རྩོད་དང་བོད་གཞུང་ལ་ཡང་རྒྱལ་སྤྱིའི་བདེན་རྒྱབ་དང་གུས་བཀུར་སྔར་ལྷག་ཐོབ་ངེས་པ་ལས། བདེན་རྒྱབ་དང་གུས་བཀུར་བརླག་གཞི་མེད།

ད་དུང་ཚབས་ཆེའི་འགྲེལ་བཤད་ལོག་པ་གཞན་ཞིག་ནི། ྋགོང་ས་མཆོག་བགྲེས་ཡོལ་གནང་ཚེ་བོད་དོན་འཐབ་རྩོད་བརླག་འགྲོ་སྐོར་བཤད་ཡོད། བཤད་སྟངས་དེ་ནི་རྒྱུན་རིང་རྒྱ་ནག་གི་བཤད་སྟངས་ཏེ། དགྲ་བོ་རྒྱ་ནག་གཞུང་གིས་བོད་མི་མང་གི་སེམས་ཤུགས་གཅོག་ཆེད་དང༌། བོད་ཀྱི་འཐབ་རྩོད་དེ་ཉིད་བོད་རྒྱལ་དང་བོད་མི་མང་གི་འཐབ་རྩོད་མིན་པར། ཏཱ་ལ་བླ་མ་སྒེར་གྱི་ཐོབ་ཐང་དང་བརྒྱུད་སྐུལ་རང་བཞིན་གྱི་འཐབ་རྩོད་ཅིག་ཡིན་སྐོར་འཁྱོག་བཤད་བྱས་ཏེ། བོད་ཀྱི་རྩ་དོན་དང་འཐབ་རྩོད་དེ་ཏཱ་ལའི་བླ་མ་མི་གཅིག་ལ་ཐུག་ཡོད་སྐོར་གྱི་འཁྱོག་བཤད་ལ་དེ་རིང་གྲོས་ཚོགས་ཀྱིས་ཁས་ལེན་དང་རྒྱབ་གཉེར་བྱས་པ་ལྟ་བུ་ཆགས་ཡོད།
རྒྱལ་སྤྱིའི་ནང་བོད་དོན་འཐབ་རྩོད་ཀྱི་གཟུགས་བརྙན་དེ་ྋགོང་ས་མཆོག་གི་སྐུའི་སྣང་བརྙན་དང་གཅིག་པ་ལས། དེ་མིན་གྱི་གཟུགས་བརྙན་གཞན་ཞིག་མེད་སྐོར་བཤད་ཡོད། འོན་ཀྱང་དོན་དངོས་ཐོག་རྒྱལ་སྤྱིའི་སྟེང་བོད་དོན་འཐབ་རྩོད་ཀྱི་སྣང་བརྙན་དེ་བོད་པ་མི་རེ་རེ་ལ་གོང་ཚད་བརྒྱབ་ན་ྋགོང་ས་མཆོག་ལས་མཐོ་བ་ཞིག་སུ་གང་ཡང་མེད་པ་བདེན་པ་ཡིན་མོད། དེ་དང་མཉམ་དུ་མང་ཚོགས་ཀྱི་འབོད་སྒྲ་དང༌། བོད་རང་བཙན་གྱི་ལོ་རྒྱུས་བདེན་དོན་ཡང་ཡོད་པ་མ་ཟད། འདས་པའི་མི་ལོ་སུམ་ཅུ་ཙམ་གྱི་རིང་བོད་རང་བཙན་འཐབ་རྩོད་ཀྱི་གཟུགས་བརྙན་ནི་མང་ཚོགས་ཀྱི་འབོད་སྒྲ་དང་ལོ་རྒྱུས་ཀྱི་བདེན་དོན་ཁོ་ན་ལས་མེད།
བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ཡོངས་རྫོགས་རྒྱུན་ཆད་ཉེན་ཡང་བཤད་ཡོད། དོན་དངོས་ཐོག་བོད་རྒྱ་ཞི་མོལ་མུ་མཐུད་ཡོང་མིན་ནི། ང་ཚོའི་འཐབ་རྩོད་ཀྱི་སྒུལ་ཤུགས་དང༌། རྒྱལ་སྤྱིའི་གནོན་ཤུགས་ལ་རག་ལས་ཡོད་པ་བཞིན། མ་འོངས་པར་ང་ཚོས་ནུས་ཤུགས་ལྡན་པའི་ལས་འགུལ་དང་རྒྱལ་སྤྱིའི་གནོན་ཤུགས་བྱུང་ཚེ་རྒྱ་གཞུང་གིས་དེ་དག་ལས་གཡོལ་ཆེད། འབྲེལ་མོལ་གྱི་འཁྲབ་སྟོན་མུ་མཐུད་སྟོན་ངེས་མ་ཟད། ད་བར་འབྲེལ་མོལ་གྱི་གནད་དོན་ྋགོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ལས་མེད་སྐོར་བཤད་པའི་ཧམ་བཤད་ཀྱང་བཤད་ཐབས་དཀའ་བའི་གནས་དུ་འགྲོ་ངེས་ཡིན་ཞིང༌། མདོར་ན། རྒྱ་ནག་གིས་བོད་དོན་དེ་ཏཱ་ལའི་བླ་མ་སྒེར་གྱི་གནད་དོན་རེད་ཟེར་བ་དེ་དངོས་བདེན་མིན་པའི་ར་སྤྲོད་གསར་པ་ཞིག་འབྱུང་ངེས།

དེ་བཞིན་གཞུང་ཞབས་སྲི་ཞུ་བ་ཚོས་གཞུང་ཞབས་བྱེད་པ་ྋགོང་ས་མཆོག་ཁོ་ནའི་ཞལ་ལ་བལྟས་པ་ལས། དེ་མིན་གྱི་བལྟ་ས་ཞིག་མེད་སྐོར་དང༌། ྋགོང་ས་མཆོག་བགྲེས་ཡོལ་གནང་ཚེ་གཞིས་ལུས་མི་མང་སེམས་ཤུགས་ཆགས་རྒྱུ་ཡིན་སྐོར་བཤད་པ་སོགས་ནི། གངས་ཅན་པ་སྤྱིའི་རྒྱལ་གཅེས་དང་རྒྱལ་ཞེན་གྱི་བསམ་སྤྱོད་ལ་མཐོང་ཆུང་ཁྱད་གསོད་བྱས་པ་ཞིག་དང༌། ལྷག་པར་སྲི་ཞུ་བ་དང་གཞིས་ལུས་མི་མང་ལ་ཁྱད་གསོད་བྱས་པ་ཞིག་ཀྱང་ཡིན། གང་ལགས་ཞེ་ན། གཞུང་ཞབས་སྲི་ཞུ་བའི་སྲི་ཞུའི་ཆོད་སེམས་དང་གཞིས་ལུས་མི་མང་གིས་རྩ་དོན་ཆེད་རང་སྲོག་བློས་གཏོང་གནང་བ་བཅས་ནི། ྋགོང་ས་མཆོག་ལ་དད་གུས་ཀྱི་རྒྱུ་མཚན་ཙམ་མིན་པར། སོ་སོ་བོད་མི་ཞིག་ཡིན་པ་དང༌། ལོ་རྒྱུས་ཐོག་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ། དེ་འབྲེལ་བོད་ཀྱི་རྩ་དོན་དེ་བོད་མི་མང་གི་རྩ་དོན་ཞིག་ཡིན་པའི་རྒྱུ་མཚན་འོག ྋགོང་ས་མཆོག་དང་བདེན་དོན་ལ་ཡིད་ཆེས། དགྲ་བོ་རྒྱ་ནག་གིས་བཟོས་པའི་མི་ལོ་དྲུག་ཅུའི་རྒྱ་བོད་བར་གྱི་ཤ་འཁོན། བོད་ཀྱི་མ་འོངས་པའི་མདུན་ལམ། རྒྱལ་གཅེས་རིང་ལུགས་ཀྱི་འདུ་ཤེས་དང་གངས་ཅན་པའི་བློ་སྤོབས་སོགས་རྒྱུ་རྐྱེན་སྣ་མང་ལ་བརྟེན་ནས་བྱུང་བ་ཞིག་ཡིན།

གལ་སྲིད་གྲོས་ཚོགས་ནང་བཤད་པ་ལྟར་བོད་ཀྱི་འཐབ་རྩོད་དེ་ྋགོང་ས་མཆོག་གིས་སྲིད་དབང་བཞེས་རིང་དང་ཁོང་གི་སྐུ་ཚེའི་རིང་མ་གཏོགས་དེ་རྗེས་རེ་བ་མེད་ན། བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཚོས་ད་བར་བོད་ཀྱི་འཐབ་རྩོད་དེ་ལོ་བརྒྱ་ཕྲག་དང་སྟོང་ཕྲག་རིང་བྱ་དགོས་ཀྱང་བྱ་རྒྱུའི་གྲ་སྒྲིག་དང༌། དེའི་ཆེད་དུ་རིག་གཞུང་དང་རེ་བ་བརླག་མི་རུང་བ་བརྗོད་པ་རྣམས་སུ་ཞིག་ལ་མགོ་སྐོར་གཏོང་གི་ཡོད་དམ།
རང་ཉིད་ཀྱིས་ཐེ་ཚོམ་མེད་པའི་ངོས་འཛིན་ནི། ང་ཚོའི་བླ་མེད་ཀྱི་སྟོབས་ཤུགས་དང་དབུ་ཁྲིད་ྋགོང་ས་མཆོག་ཡིན་པ་བཞིན། ང་ཚོས་ངེས་པར་ྋགོང་སྐུ་ཕྲེང་བཅུ་བཞི་པའི་སྐུ་རིང་བོད་རང་བཙན་སླར་གསོ་བྱས་ཏེ། ྋཁོང་ཕོ་བྲང་པོ་ཏཱ་ལར་གདན་ཞུ་དགོས་པ་དང༌། གལ་སྲིད་དེ་ལྟར་མ་བྱུང་ཚེ་ཁོང་མེད་པའི་ཉིན་ང་ཚོར་ཟློག་ཏུ་མེད་པའི་དཀའ་ངལ་མང་པོ་ཞིག་འཕྲད་ངེས་ཀྱང༌། བདེན་དོན་གྱི་ནུས་པ་དང༌། གངས་ཅན་པའི་རྒྱལ་གཅེས་སྙིང་སྟོབས་ལ་བརྟེན་ནས་མི་ལོ་ཇི་ཙམ་འགོར་ཞིང༌། དཀའ་ངལ་ཇི་ཙམ་འཕྲད་ཀྱང༌། བོད་ཀྱི་ན་གཞོན་ཚོར་བོད་དོན་འཐབ་རྩོད་མ་ཤི་གསོན་གནས་ཀྱི་བོད་རང་བཙན་སླར་གསོ་ཐུབ་ངེས་ཀྱི་ཡིད་ཆེས་དང་གདེངས་སྤོབས་ཆ་ཚང་ཡོད་པའི་ཐོག་ནས་བོད་རང་བཙན་སླར་གསོའི་རང་འགན་རང་འཁུར་བྱེད་བཞིན་ཡོད་པ་ལས། མ་མཐའ་ཡང་སོ་སོས་སོ་སོར་མགོ་སྐོར་གཏོང་གི་མེད་པའི་ཡིད་ཆེས་དང་ངོས་འཛིན་ཞུ་ཡི་ཡོད།

གྲོས་ཚོགས་འཐུས་མང་པོ་ཞིག་གིས་གནད་དོན་དེ་ཉིད་མང་མོས་འོས་བསྡུ་དགོས་སྐོར་ཡང་གླེང་བ་ནི། དགོས་མེད་ཀྱི་འགྲེལ་ལོག་ཁོ་ནར་ཟད། གང་ལགས་ཞེ་ན། ྋགོང་ས་མཆོག་བགྲེས་ཡོལ་ཕེབས་རྒྱུའི་གསུང་འཕྲིན་ཕེབས་པ་ནི། མང་ཚོགས་ཀྱིས་ཁོང་དབུ་ཁྲིད་ལ་མོས་མཐུན་ཡོད་མེད་དོགས་པ་ཟ་ནས་མིན་པར། ལྷག་བསམ་རྣམ་དག་གིས་བགྲེས་ཡོལ་གནང་རྒྱུའི་དགོངས་གཞི་ཡིན་པ་དང༌། དེར་མང་ཚོགས་ཀྱིས་ཡང་ཡང་ཁོང་མུ་མཐུད་དབུ་ཁྲིད་གནང་དགོས་པའི་གསོལ་འདེབས་ཕུལ་བར་བརྟེན། དེ་རིང་བགྲེས་ཡོལ་ཕེབས་རྒྱུའི་དགག་དགོས་རྒྱུ་མཚན་རྣམས་ཞིབ་གསལ་མཐའ་ནན་གྱིས་ཕེབས་པ་ཞིག་ཆགས་ཡོད།

ད་དུང་གྲོས་ཚོགས་འཐུས་མི་ཚོས་དེ་རིང་གསུང་འཕྲིན་དགོངས་དོན་བཞིན་ཐག་གཅོད་མི་བྱེད་པའི་རྒྱུ་མཚན་གཞན་ཞིག་ནི། ྋགོང་ས་མཆོག་གི་སྐུ་དབང་ལ་འགྱུར་བ་གཏོང་བ་དེ་མང་ཚོགས་ཀྱིས་ལོ་རྒྱུས་ནང་ནག་ཉེས་ཤིག་ཏུ་ངོས་འཛིན་བྱེད་སྲིད་པའི་དོགས་འཆར་དང༌། དེའི་ནང་རང་ཉིད་མི་ཚུད་པའི་ཆེད་དེ་ལས་གཡོལ་ཐབས་བྱས་པ་ཞིག་ཡིན་སྐོར་གོ་རྒྱུ་འདུག་ཅིང༌། གལ་སྲིད་དེ་ལྟར་ཡིན་ན་དེ་ནི་ཧ་ཅང་གི་འགན་འཁུར་མེད་པའི་བྱ་སྤྱོད་དུ་ཟད།

གང་ལགས་ཞེ་ན། དེ་སྔོན་ྋཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་བཙན་བྱོལ་ནང་གི་གནད་དོན་མི་སྣ་ཞིག་ལ་བོད་མི་མང་ལ་ཕན་ཐོགས་དང༌། ྋགོང་ས་མཆོག་གི་བཀའ་དགོངས་ལ་ཕན་ན་རྒྱལ་ཚོང་པ་རེད་ཟེར་ཡང༌། དེའི་ནག་ཉེས་འཁུར་རྒྱུའི་སྙིང་སྟོབས་དགོས་སྐོར་ཕེབས་པ་བཞིན། འགོ་ཁྲིད་ཅིག་གི་འགན་འཁུར་ནི་རང་ཉིད་ལ་མང་ཚོགས་ལ་འགྲེལ་བཤད་ཇི་ལྟར་རྒྱག་མིན་དེ་མིན་པར། རྒྱལ་ཁབ་དང་མང་ཚོགས་ཀྱི་ཁེ་ཕན་ཆེད་དུ་མང་ཚོགས་ཀྱི་སྐྱོན་བརྗོད་དང་དཀའ་ཉེན་གདོང་ལེན་བྱེད་པའི་ཆོད་སེམས་ཡོད་པ་ཞིག་དགོས་གལ་ཆེ།

གསུང་འཕྲིན་ཐད་དེ་རིང་གྲོས་ཚོགས་འཐུས་མི་མང་དག་ཅིག་གིས་སྐུ་དབང་རྩིས་སྤྲོད་མི་གནང་བའི་གསོལ་འདེབས་ཞུ་རྒྱུའམ་ཡང་ན་དུས་འགྱངས་ཡོང་བའི་གསོལ་འདེབས་དགོས་སྐོར་བརྗོད་ཡོད་པ་མ་ཟད། སྐུ་དབང་རྩིས་སྤྲོད་སྐོར་བགྲོ་གླེང་དང་བཅའ་ཁྲིམས་འགྱུར་བ་གཏང་རྒྱུའི་སྤོབས་པ་མེད་སྐོར་ཡང་བརྗོད་ཡོད། དེ་དག་ནི་ཡུན་རིང་ྋགོང་ས་མཆོག་གིས་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་དགོས་ཞེས་པའི་ལམ་སྟོན་ལ་སློབ་སྦྱོང་དང༌། དེ་འབྲེལ་འཆར་གཞི་མེད་པའི་སྐྱོ་གནས་ཤིག་ཡིན།

གང་ལགས་ཞེ་ན། ྋགོང་ས་མཆོག་གིས་ང་མེད་པ་བཞིན་ལས་ཀ་བྱེད་དགོས་པ་དང༌། རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་དགོས་པའི་བཀའ་སློབ་དེ་ཉིད། དེ་རིང་གློ་བུར་དུ་ཕེབས་པ་ཞིག་མིན་པར། ལོ་བཅུ་ཕྲག་དུ་མའི་གོང་ནས་ཕེབས་ཡོད་པ་མ་ཟད། བགྲེས་ཡོལ་ཆ་ཚང་གནང་རྒྱུའི་བཀའ་ཕེབས་ནས་ཀྱང་མི་ལོ་བཅུ་ལ་ཁ་གཏད་བཞིན་ཡོད་མོད། བཀའ་ཁྲི་དང་སྤྱི་འཐུས་ཚོས་ྋགོང་ས་མཆོག་གི་གསུང་འཕྲིན་དགོངས་དོན་ལ་བགྲོ་གླེང་དང་ཐག་གཅོད་ཀྱི་འགན་འཁུར་བྱེད་པའི་སྤོབས་པ་ཡང་མེད་བཞིན་དུ། བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་གཞི་ལ་ག་རེ་བྱེད་ནས་ལངས་ཡོད་དམ།

ྋགོང་ས་མཆོག་གིས་འགྱུར་བ་དང་གྲ་སྒྲིག་དེ་ཉིད་སྔ་ས་ནས་དགོས་སྐོར་ཡང་ཡང་ཕེབས་ཡོད་ཀྱང༌། ཉུང་མཐར་མི་ལོ་ཉི་ཤུ་རྩ་གྲངས་ནས་ཕེབས་པའི་དགོངས་གཞི་བཟང་པོ་དེ་ཉིད་ང་ཚོས་འགོ་ཁྲིད་ཚོས་ལག་བསྟར་མེད་པར་བརྟེན། དེ་རིང་མཐའ་ནན་གྱི་ལམ་སྟོན་ཕེབས་ཡོད་ཅིང༌། ད་ནས་ྋགོང་ས་མཆོག་དགུངས་གྲངས་དོན་ལྔར་ཕེབས་ཟིན་པས།  འཕྲལ་གྱི་དཀའ་ངལ་འཕྲད་ངེས་རྣམས་ྋགོང་ས་མཆོག་བཞུགས་རིང་སེལ་ཞིང༌། ཕུགས་ཀྱི་དཀའ་ངལ་ལ་གདོང་ལེན་མདུན་སྐྱོད་བྱ་རྒྱུའི་དུས་ལ་བབ་ཡོད་པ་ལས། འགན་འཁུར་ལས་དུས་འགྱངས་བྱེད་པའི་དུས་ཚོད་ཡོལ་ཟིན།

མདོར་ན། ད་ནས་མཁས་སྙན་འདྲ་ཆགས་ཀྱིས་དུས་ཚོད་འབུད་རྒྱག་གཏོང་ནས་ཁུངས་འཁྱོལ་ཐབས་མེད་པར་བརྟེན། མང་ཚོགས་ཚང་མའི་བསམ་ཚུལ་སྨིན་པའི་དུས་ལ་སླེབས་མེད་ཀྱང༌། ལོ་མང་ནས་བཀའ་སློབ་སྩལ་བའི་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་པའི་ལག་ལེན་གྱི་དུས་ལ་སླེབས་ཡོད་པས། འགོ་ཁྲིད་ཅིག་ཡིན་པའི་ཆ་ནས་གྲོས་ཚོགས་འཐུས་མི་ཚོས་མང་ཚོགས་ཀྱི་མངོན་འདོད་ལ་བརྩི་དགོས་ཀྱང༌། མང་ཚོགས་ཀྱི་མདུན་དུ་སྣེ་འཁྲིད་དགོས་པའི་འགན་འཁུར་ཡང་ཡོད་པ་བཞིན། དེ་ལྟའི་གདེངས་སྤོབས་དང་ནུས་པ་ངེས་པར་ལྡན་དགོས།

ལྷག་པར་དངོས་གནས་ྋགོང་ས་མཆོག་ལ་དད་གུས་དང་ཤ་ཚ་ཡོད་ན། ྋགོང་ས་མཆོག་དགུང་གྲངས་ ༡༦ ནས་ད་བར་བོད་ཀྱི་བདེ་དོན་ཆེད་སྐུ་ངལ་བརྒྱ་ཕྲག་བསྐྱངས་ཟིན་པས། དགུངས་གྲངས་ ༧༥ ལ་ཕེབས་ཟིན་ཀྱང༌། ད་དུང་ང་ཚོས་འགན་འཁུར་འཁྱེར་ཐུབ་ས་མ་རེད། ཁྱེད་རང་རང་གིས་འཁྱེར་རོགས་ཞེས་ཞུས་ན་དེ་ནི་བཟང་སྤྱོད་དང་གུས་བཀུར་ཞིག་རེད་དམ། ད་ནས་བཀའ་སྤྱིས་འགན་འཁྱེར་ནས་ྋགོང་ས་མཆོག་ལ་སྐུ་ངལ་གསོ་བའི་དུས་ཚོད་ཅིག་མ་མཐའ་ཡང་འབུལ་དགོས།

དེ་ཡང་ྋགོང་ས་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་རྒྱུར་འཆར་གཞི་དང་གོ་རིམ་རང་བཞིན་གྱི་ཐག་གཅོད་ཅིག་ངེས་པར་དགོས་ལ། དེའི་ཆེད་དུ་ཉིན་གྲངས་འཕར་མའམ། ཡང་ན་ཚོགས་དུས་འཕར་མ་བསྐོངས་ཏེ། བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཚོགས་ཆུང་འཛུགས་པ་དང༌། ཚོགས་ཆུང་གི་ལས་དོན་མ་གྲུབ་བར་དུ་ྋགོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མུ་མཐུད་བཞེས་རྒྱུ་དང༌། ཚོགས་ཆུང་གི་ལས་དོན་དང་འཆར་གཞི་ལེགས་གྲུབ་བྱུང་རྗེས་དངོས་སུ་ྋགོང་ས་མཆོག་གི་སྐུ་དབང་བཀའ་ཁྲི་དང་གྲོས་ཚོགས་ལ་གནང་དགོས། འོན་ཀྱང་ྋགོང་ས་མཆོག་སྐུ་ཕྲེང་རིམ་བྱོན་བོད་གངས་ཅན་པའི་བསམ་བློའི་གཙོ་འཛིན་དུ་ནམ་ཡང་འགྱུར་བ་མེད་པ་བཅའ་ཁྲིམས་ནང་ངེས་པར་ཁ་གསལ་འགོད་དགོས།

དེ་ལྟར་གསུང་འཕྲིན་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་བཙུགས་ཏེ། མ་མཐའ་ཡང་ཕྱི་ལོ་ ༢༠༡༥ གོང་དུ་ྋགོང་ས་མཆོག་གི་སྐུ་དབང་རྩིས་སྤྲོད་ཀྱིས་འགན་འཁུར་རྣམས་བཀའ་ཁྲི་དང་སྤྱི་འཐུས་ཀྱིས་ལེན་ཐུབ་པའི་ལག་ལེན་གྱི་གྲ་སྒྲིག་དགོས་ངེས་ཡིན་ཞིང༌། དེ་ལྟར་གནང་ན་ཕྱི་ལོ་ ༢༠༡༥ ནས་མ་མཐའ་ཡང་མི་ལོ་ ༣༠ ལྷག་ྋགོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་ལམ་སྟོན་འོག བཀའ་སྤྱིའི་འགན་འཁུར་ཆ་ཚང་ལེན་ཞིང་དཀའ་ངལ་རིམ་སེལ་གྱིས་བོད་ཀྱི་རྩ་དོན་དང༌། བོད་གཞུང་ཕུགས་འཕེར་སྲ་བརྟན་བཟོ་རྒྱུའི་གོ་སྐབས་བཟང་པོ་ཡོད་པས། གོ་སྐབས་དེ་ཉིད་འགན་འཁུར་དང་མདུན་ལམ་རང་བཞིན་ཞིག་ཡིན་པ་ངོ་འཕྲོད་དགོས། མདོར་ན་གསུང་འཕྲིན་གྱི་དགོས་དོན་གཙོ་བོ་ནི། བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་རྒྱུན་གནས་ ཐུབ་པ་དང༌། བོད་མྀའི་དྲང་བདེན་གྱི་འཐབ་རྩོད་རྒྱུན་སྐྱོང་ཐུབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་ ཞིང༌། ཅི་སྟེ་ད་དུང་ལོ་བཅུ་ཕྲག་འགའ་ཤས་མུ་མཐུད་གནས་དགོས་པ་བྱུང་ན་ངོས་ནས་འགོ་ ཁྲིད་བྱེད་མ་ཐུབ་པའི་དུས་ཤིག་ངེས་པར་ཡོང་རྒྱུ་ཡིན་པ་ནི་ཚང་མས་ཤེས་གསལ་དང༌། ད་ལྟ་ངོས་རང་བདེ་ཐང་ཡོད་སྐབས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ ཁུར་ཆ་ཚང་༧རྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོད་རྒྱུའི་ གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ ངོས་ནས་མཐུན་འགྱུར་བྱེད་ཐུབ། དེ་མིན་འདི་མུར་ལུས་ཏེ་ནམ་ཞིག་གློ་བུར་ངོས་ཀྱི་འགོ་ཁྲིད་མེད་པའི་དུས་སྐབས་ ཤར་ཚེ་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་ཞིག་ཡོང་སྲིད་པས་དེ་འདྲ་མི་ཡོང་བའི་ཆེད་ ད་ལྟ་ནས་ངེས་པར་ལག་ལེན་བྱེད་དགོས་པ་དེ་བོད་མི་ཡོངས་ཀྱི་གལ་ཆེའི་ལས་འགན་ཞིག་ ཏུ་གྱུར་ཡོད།   ཅེས་ཕེབས་པ་དེ་ཆགས་ཡོད་པས། དེའི་དགོས་དོན་བསྙེགས་ཐུབ་པ་དགོས་རྒྱུ་ནི། འོས་འདེམས་བྱས་པའི་འགོ་ཁྲིད་ཚོའི་ལས་འགན་དང་བོད་ཀྱི་ཕུགས་རྒྱང་རིང་པོའི་མདུན་ལམ་ཆགས་ཡོད། དེར་བརྟེན། འཕྲལ་སེལ་གྱི་དཀའ་ངལ་གདོང་ལེན་གྱིས་ཕུགས་རྒྱང་རིང་པོའི་ཁེ་ཕན་དང་སྟོབས་ཤུགས་གསོག་འཇོག་དགོས་པ་ལས། འཕྲལ་སེལ་གྱི་དཀའ་ངལ་བཤད་ནས་ཕུགས་རྒྱང་རིང་པོའི་དགོས་མཁོ་འགོག་མི་རུང་ཞེས་རང་ཉིད་སྒེར་གྱི་བསམ་ཚུལ་དུ།། །།