རང་གཅེས་འཛིན་གྱི་གོང་བུས་ཕྱི་གསལ་ནང་གསལ་ཆགས་ཀྱི་མ་རེད།
ཟླ་འདིའི་ཚེས་༡༩ ཉིན་ཏེ་བོད་ལུགས་ལྟར་ན་ཆོ་འཕྲུལ་ཟླ་བའི་ཚེས་༡༥ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དད་ཆོས་ཞུ་བ་རྣམས་ལ་དུས་ཚེས་བཟང་པོ་དང་བསྟུན་ནས་སྐྱེས་རབས་ཀྱི་གསུང་ཆོས་བཀའ་དྲིན་བསྩལ་ཡོད་པ་རེད།
ཆོ་འཕྲུལ་ཟླ་བའམ་བོད་ཟླ་དང་པོའི་ཚེས་༡ ཉིན་དུས་ཚེས་ཁྱད་པར་ཅན་ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱི་ནང་གི་དད་ལྡན་བརྒྱ་ཕྲག་མང་པོ་འདུ་འཛོམས་ཀྱིས་ཞོགས་པ་སྔ་པོ་ནས་བཅོ་ལྔ་མཆོད་པ་མཇལ་བ་དང་བསྟུན། ༧གོང་ས་མཆོག་གི་གསུང་ཆོས་ཞུ་བར་བཅར་མཁན་འཚང་ཁ་ཤིག་ཤིག་ཡོད་པ་རེད།
༧གོང་ས་མཆོག་གཙུག་ལག་ཁང་གི་འོག་ཤོད་དུ་གཞུགས་ཁྲིའི་ཐོག་ཞབས་སོར་བདེ་བར་འཁོད་རྗེས། མི་མང་ལ་བཀའ་སློབ་གནང་དོན། སོ་སོས་གནོད་པ་བྱེད་སའི་ཡུལ་དེ་ལ་མི་སྐྱིད་པ་ཡོང་གི་ཡོད་པ་རེད། ཚོར་བ་སྡུག་བསྔལ་ཡོང་གི་ཡོད་པ་རེད། དེའི་འབྲས་བུ་དེ་སྡུག་བསྔལ་ཡོང་གི་ཡོད་པ་ཕལ་ཆེར་མཐོང་ཆོས་ཐོག་ནས་བཤད་ཐུབ་ཀྱི་འདུག མི་ལ་རླུང་བསྟན་ནས་རྒྱག་རེས་བརྒྱབ་ན། ཕར་ཕྱོགས་དེ་མི་སྐྱིད་པ་ཆགས་པ་མ་ཟད། སོ་སོ་ཡང་མ་སྐྱིད་པ་ཆགས་ཀྱི་འདུག ང་ཚོ་ཚང་མ་རླུང་ལ་མྱོང་བ་ཐོན་བསྡད་པ་ཤ་སྟག་རེད། རླུང་ལངས་པའི་སྐབས་སུ་མི་ལ་མཚན་སྨད་ལབ་པ་དང་རྣམ་འགྱུར་སྡུག་ཅག་བསྟན། ཡང་རླུང་ཞི་བའི་སྐབས་སུ་འཚེར་ཤུར་ཤུར་བྱེད་ཀྱི་མི་འདུག་གམ། གྲོང་པ་ཁྱིམ་མཚེས་ལ་རྒྱག་རེས་ཞེ་དྲག་ཅིག་བརྒྱབ། ཡང་སང་ཉིན་གྲོང་པའི་རྩར་འཚེར་པོ་བྱས་ནས་འགྲོ་དགོས་པ་ཆགས་ཀྱི་མི་འདུག་གམ།
གང་ལྟར་མི་ལ་མི་སྐྱིད་པ་ཞིག་བྱེད་ཐུབ་པ་ཡིན་ཡང་སོ་སོ་མ་སྐྱིད་པ་ཞོར་ལ་ཆགས་ཡོང་གི་འདུག མི་ལ་བྱམས་པོ་བྱས། གྲོགས་པོ་བསྒྲིགས། གཅིག་གིས་གཅིག་ལ་ཡིད་ཆེས་འཕེར་བ་ཞིག་་བྱས་པ་ཡིན་ན། སོ་སོ་ཡིན་ཡང་སེམས་སྐྱིད་པོ། སོ་སོའི་སེམས་ལ་དངོས་གནས་བློས་ཁེལ་བ་ཞིག་ཡིན་བསམ་ནས་སེམས་སྐྱིད་པོ་ཡོང་གི་རེད། དེ་འདྲ་ཡིན་དུས་མཐོང་ཆོས་རང་ལ་ཆ་བཞག་པ་ཡིན་ན། གཞན་ལ་གནོད་པ་བསྐྱལ་ན་རང་མི་སྐྱིད་པ་ཡོང་བ། གཞན་ལ་མགོ་སྐོར་བཏང་བ་ཡིན་ན། ཉི་མ་གཅིག་ལ་དེ་རྫུན་རྐུབ་བརྡོལ་མི་ཡོང་ངམ་བསམ་ནས་དོགས་པ་ཟས། མགོ་སྐོར་གཏོང་བཞིན་དུ་མགོ་སྐོར་གཏོང་སའི་མི་དེ་ཐུག་ཡོང་དུས་སེམས་ནང་དུ་འཚེར་སྣང་ཡོང་གི་རེད། ལྷག་བསམ་རྣམ་དག་གིས་ཕན་པ་བསྒྲུབ་པའི་བསམ་པ་རྩེ་གཅིག་ཏུ་ཁྱེར་བ་ཡིན་ན། སྤམ་ཤོར་རྒྱུ་མི་འདུག ངོ་ཚ་དགོས་པ་མི་འདུག རྫུན་རྐུབ་རྡོལ་མི་ཡོང་ངམ་བསམ་པའི་དངངས་སྐྲག་བྱེད་དགོས་པ་མི་འདུག ཕྱི་གསལ་ནང་གསལ་བྱེད་ཆོག་གི་ཡོད་པ་རེད།
གུང་ཁྲན་ཏང་དབང་ཞེ་དྲག་ཡོད་པ་རེད། སྟོབས་ཞེ་དྲག་ཡོད་རེད་དེ་ཞལ་རྫུན་བཤད་པར་བྱང་ཆུབ་པ་རེད་འདུག ཧམ་པ་བཤད། སྐྱག་རྫུན་བཤད་ནས་སོ་སོའི་དབང་ཤོར་ཡོང་བསམ་ནས་རང་གཅེས་འཛིན་གྱི་གོང་བུ་བྱས་ནས་སྡོད་དུས་ཕྱི་གསལ་ནང་གསལ་ཆགས་ཀྱི་ཡོད་མ་རེད། དྲང་པོ་བྱས་ནས་མི་ལ་བསམ་བརྣག་མི་བྱེད་པར་ལྷག་བསམ་རྣམ་དག་བྱས་ན་ཕྱི་གསལ་ནང་གསལ་བྱེད་ཆོག་གི་རེད། ཕྱི་གསལ་ནང་གསལ་བྱས་ན་ཡིད་ཆེས་ཡོང་གི་རེད། ཡིད་ཆེས་ཡོད་ན་བློས་འགེལ་ཆོག་གི་རེད། ཁ་ལག་མཉམ་དུ་ཟས། རྩེད་མོ་མཉམ་དུ་བརྩེས་ནས་བསྡད་པ་ཡིན་ཡང་གཅིག་གིས་གཅིག་ལ་དོགས་པ་དང། འགྲན་སེམས་ཏོག་ཙམ་ཡོད་པ་ཡིན་ན་གྲོགས་པོ་ཆགས་ཐུབ་རྒྱུ་ཡོད་མ་རེད། ཧུའུ་ཅིང་ཐའོ་ཡིས་བཤད་པ་བཞིན་འཆམ་མཐུན་སྤྱི་ཚོགས་ཟེར་བ་དངོས་གནས་རེད། དེ་ལ་རྒྱབ་སྐྱོར་གཙང་མ་བྱེད་ཀྱི་ཡོད། ཡིན་ནའང་འཆམ་མཐུན་དེ་ཞེ་སྣང་གིས་ཡོང་གི་མ་རེད། འཆམ་མཐུན་སེམས་ནང་ནས་ཡོང་དགོས་པ་ཅེས་སོགས་ལམ་སྟོན་བཀའ་སློབ་གནང་སོང།།
{jcomments on}