ལྷ་ཡི་སྤྱན། ཨུ་ཚུགས་ཀྱི་མིག
དོན་དངོས་སུ་ལྷ་ཡི་ངོས་འཛིན་ཡང་དག་པ་ཞིག་ཤེས་ཡོད་མེད་གང་ལྟར་ཡང་སྐྱབས་གནས་ཡོད་ཚད་ལྷ་ལ་བལྟ་བས་ལྷ་ཡི་བཀའ་ལུང་ནོར་འཁྲུལ་གཏན་ནས་མེད་པའི་ཡིད་ཆེས་བྱེད། དེ་ལྟར་ཡང་ལྷ་རུ་བལྟ་བའི་སྐྱབས་གནས་དེ་དག་གིས་བོད་མི་རིགས་བསླུ་མྱོང་མེད་ལ་བསླུ་ཡང་མི་སྲིད། འོན་ཀྱང་མཚམས་རེར་ལྷ་ཡི་བཀའ་ལུང་ཡང་ཨུ་ཚུགས་ཀྱི་མིག་གིས་བརྩིས་མེད་དུ་གཏོང་བཞིན་འདུག་ལ་བཀའ་ལུང་ཚད་མ་རྣམས་གླེན་ཚུགས་ཀྱི་མིག་གིས་ཕྱིར་ཟློག་བྱེད་བཞིན་འདུག བཀའ་ལུང་ཚད་མའི་གདམས་པ་ཡང་ནས་ཡང་དུ་ཇི་ལྟར་བསྒྲགས་ཀྱང་སྤྱི་བོས་བཀུར་ནས་དང་ལེན་མི་བྱེད་པར་གནས་སྐབས་ཀྱི་དད་རེ་དང་ཡིད་ཆེས་གསོན་པོ་ཞིག་གི་ཁ་ངོར་བལྟས་ཏེ་ཕུགས་རིང་གཏིང་ཟབ་ཀྱི་བསམ་བློ་དང་བཀའ་ལུང་ཚད་མའི་རྒྱབ་ལྗོངས་གང་ལ་ཡང་མི་བལྟ་བར་ཨུ་ཚུགས་ཀྱིས་ཁྱེད་ཉིད་མི་མཐུད་ཆབ་སྲིད་ཀྱི་དབང་འཛིན་པར་བཞུགས་རོགས་ཟེར། འདི་ནི་༸གོང་ས་མཆོག་བགྲེལ་ཡོལ་ཕེབས་རྒྱུའི་བཀའ་ནན་གནང་བ་ནས་ད་བར་དུ་༸གོང་ས་མཆོག་ལྷ་རུ་བལྟས་ཤིང་བློ་འགེལ་ཡིད་ཆེས་བྱེད་པའི་བོད་མི་རིགས་ཀྱི་བྱེད་སྟངས་རེད།
གནའ་ནས་ད་བར་དུ་བོད་མི་རིགས་ཀྱིས་༸གོང་ས་མཆོག་ལྷ་རུ་བལྟས་ནས་དད་གུས་དང་བརྩི་མཐོང་བླ་མེད་བྱས་པ་བདེན་ལ་ཁོང་གི་བཀའ་གསུང་གང་ལ་ཡང་ཕྱིར་ཟློག་མི་ཕྱེད་པར་ཡེ་ཤེས་དབྱིངས་དཔྱད་དང་མ་འོངས་སྔོན་གཟིགས་ཀྱི་ཡིད་ཆེས་འོག་ནས་ཁས་ལེན་རྐྱང་བྱས་པའང་བདེན། བྱ་སྤྱོད་འདིས་བོད་མི་རིགས་ལ་གྱོང་རྒུད་ནམ་ཡང་བཏང་མྱོང་མེད་ལ་མ་འོངས་པར་ཡང་གཏན་ནས་གཏོང་མི་སྲིད། འོན་ཀྱང་༸གོང་ས་མཆོག་གིས་ཁོང་ཉིད་བགྲེས་ཡོལ་གནང་རྒྱུའི་ཐུགས་བསམ་དེ་ནི་རྒྱུ་མཚན་དང་རྒྱབ་ལྗོངས་ཡང་དག་པ་ཞིག་ཡོད་པ་དང་བོད་མི་རིགས་ཀྱི་མ་འོངས་པའི་མདུན་ལམ་གྱི་ཆེད་དུ་ཡིན་པའི་གསལ་བཤད་དང་བཀའ་ལུང་སྔ་ཕྱིར་ཕེབས་ཡོད་མོད་བཀའ་ལུང་དེ་དག་ནི་གླེན་ཚུགས་ཅན་གྱི་བོད་པ་འདི་ཚོའི་ངོར་བཀའ་ལུང་ཚད་མ་ཞིག་མིན་པ་འདྲ། ཡེ་ཤེས་དབྱིངས་དཔྱད་དང་མ་འོངས་སྔོན་གཟིགས་ཀྱང་མིན་པ་འདྲ།ད་དུང་ཧ་སང་བ་ཞིག་ལ་འགན་ཁུར་ཡོད་པའི་གནད་ཡོད་མི་སྣ་དག་གིས་ཀྱང་སྔ་མོ་ནས་ཡང་ཡང་གསུང་མྱོང་པའི་༸གོང་ས་མཆོག་གི་ཡང་དག་པའི་ལམ་སྟོན་དེ་དེ་རིང་གཞི་ནས་གོ་བ་ལྟར་ཧ་སང་སང་བྱས་སྟེ་དགོས་པ་རྒྱུ་མཚན་ཇི་ལྟ་བ་བཞིན་རྟོགས་པའི་མཐུན་རྐྱེན་བྲལ་བའི་གཞིས་གཞུགས་སྤུན་ཟླ་ཚོར་སེམས་འཚབ་སྦྱིན་བཞིན་འདུག རྒྱ་ཆེའི་མི་མང་གིས་རེ་བ་དང་ཡིད་ཆེས་ཀྱི་ངོ་ཚབ་ཏུ་བཀུར་བའི་འཐུས་མི་འདི་ཚོས་”ང་ཚོས་འགན་འཁུར་མི་ཐུབ།བོད་མི་རིགས་ཀྱི་འགན་ཁུར་ཐམས་ཅད་ད་དུང་ཁྱེད་ཀྱིས་ཁུར་དགོས་”ཟེར་གྱི་འདུག ད་ནི་དངོས་གནས་བོད་མི་རིགས་འདིས་འགན་ཁུར་གྱི་བསམ་བློ་དང་དུ་ལེན་རྒྱུ་དང་༸གོང་ས་མཆོག་གི་བཀའ་གསུང་ལ་བརྩི་བཀུར་བྱེད་པའི་དུས་ལ་བབས་ཡོད། ༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་ན་ཁོང་གི་མཚན་ཐོག་ཏུ་ཡོད་པའི་དོན་གཅོད་ཁག་དང་རྒྱ་གར་གཞུང་གི་མཐུན་སྦྱོར་རྣམས་ཀྱང་ཇི་ལྟར་བྱེད་འོང་ཞེས་སེམས་ཁྲེལ་བྱེད་མཁན་ཚོ་ཡང་ཅི་འདྲིའི་བསམ་མེད་ཅིག་རེད་ཨང་། ༸གོང་ས་མཆོག་དགོངས་ལོ་བརྒྱད་ཅུར་ཕེབས་སྐབས་ཀྱང་དྲི་བ་འདི་སྐྱོར་ནས་འདུག་རྒྱུ་ཡིན་ནམ།
དཀའ་ངལ་གང་ལ་ཐུགས་ཀྱང་༸གོང་ས་མཆོག་སྐུ་འཚོ་གཞུགས་ཀྱི་དུས་འདིར་གདོང་ལེན་བྱེད་ཐུབ་དགོས་ལ་བཀའ་ལུང་ཚད་མ་སྟེ་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་དགོངས་དོན་ཡང་འདི་ཡིན།ད་དུང་ཆབ་སྲིད་ཐོག་ནས་གནད་འགག་ཅན་གྱི་བརྡ་ལན་གསལ་པོ་ཞིག་སྤྲོད་ཀྱི་ཡོད་པ་ནི་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་བོད་མི་མང་གིས་འོས་འདེམས་བྱས་པའི་འགོ་འཁྲིད་ལ་ཕུལ་བ་དེས་བོད་ཀྱི་གནད་དོན་ནི་”ཏཱ་ལའི་བླ་མ་སྐུ་སྒེར་གྱི་གནད་དོན་ཡིན་ཞེས་པ་དང་།སྔོན་མིའི་བོད་ཀྱི་སྐུ་དྲག་ལམ་ལུགས་བསྐྱར་གསོ་བྱེད་པའི་ལས་འགུལ་སྤེལ་གྱི་ཡོད་རེད་”ཟེར་བ་སོགས་ལ་རྫུན་རྐུབ་བརྡོལ་བའི་བརྡ་ལན་ཡང་དག་ཅིག་བཏང་བ་རེད།ང་ཚོས་༸གོང་ས་མཆོག་གི་བཀའ་ལུང་འདི་ཚད་མར་བརྩིས་ཏེ་དང་ལེན་བྱས་ན་བོད་མི་རིགས་ལ་གྱོང་རྒུད་མེད་པ་མ་ཟད་ང་ཚོས་མ་ཎི་བཞིན་ལན་གྲངས་བརྒྱ་ཚར་བགྲང་བཞིན་པའི་༸གོང་ས་མཆོག་སྐུ་ཚེ་ཡུན་རིང་འཚོ་བཞུགས་ཀྱི་མཐུན་རྐྱེན་ཞིག་ཀྱང་བསྒྲུབ་ཐུབ་ངེས་ཡིན། གཅིག་ནས་ཆབ་སྲིད་ཀྱི་མཛད་ཁུར་དོར་བས་སྐུ་ལྷོད་བཞུགས་ཀྱི་གོ་སྐབས་ཡོང་རྒྱུ་དང་། གཉིས་ནས་བོད་མི་རིགས་ཀྱིས་ཐེ་ཚོམ་བློ་དོགས་མེད་པར་ཡིད་ཆེས་བློ་འགེལ་གྱིས་བཀའ་བརྩི་དང་ལེན་བྱེད་པའི་བཟང་སྤྱོད་འདིས་༸གོང་ས་མཆོག་ཐུགས་དགོངས་དགྱེས་ཚོར་དང་བྱམས་གཟིགས་ཚད་མེད་གནང་ངེས་ཡིན། ལར་ནས་རང་ཉིད་ཀྱི་འདོད་ཕྱོགས་དང་གནས་སྐབས་ཀྱི་མངོན་འདོད་དང་མཐུན་ཚེ་རྒྱལ་བའི་བཀའ་དང་རྣམ་དག་གི་གསུང་ཡིན་ལ་དེ་ལས་བརྒལ་ཚེ་བཀའ་ཚད་མ་མིན་ལ་གསུང་ཡང་དག་ཀྱང་མིན་པའི་ལྟ་ཚུལ་དང་འདུ་ཤེས་རྒོད་པ་འདི་བོད་མི་རིགས་ཀྱི་
ཤ་ཁྲག་རུས་གསུམ་ལ་ཐིམ་པའི་རང་གཤིས་སྐྱུག་བྲོ་བ་ཞིག་ཡིན་པ་འདྲ་མོད། དོན་དམ་དངོས་ཡོད་ཀྱི་གནས་སྟངས་ཐོག་ནས་༸གོང་ས་མཆོག་གིས་བགྲེལ་ཡོལ་གནང་ན་བོད་མི་རིགས་ཀྱི་ཕྲལ་ཕུགས་རྒྱང་གསུམ་ལ་ཕན་པ་ལས་གནོད་པ་མེད་པ་འདི་ཡང་ཁོང་གི་ཡེ་ཤེས་དབྱིངས་དཔྱད་དང་བཀའ་ལུང་ཉག་ཅིག་ཡིན་པས་བགྲེལ་ཡོལ་གནང་བའི་སྐབས་དང་དུས་ལ་བབ་མེད་པའི་གནས་ལུགས་བརྗོད་པ་འདི་ཡང་བཀའ་ལུང་ཚད་མར་མ་བརྩིའི་པའི་རང་འདོད་ཀྱི་བརྗོད་པ་སྐམ་པོ་ཞིག་ལས་ནམ་ཡང་བརྒལ་མེད། དེས་ན་ང་ཚོས་གནས་སྐབས་ཀྱི་ཚོར་བ་འཇིགས་གཡེར་བ་རེ་དང་སྐབས་ཐོག་གི་མངོན་འདོད་ལྗིད་སྟིག་པ་རེའི་ཕྱོགས་སུ་མ་མཁྱོགས་པར་བློ་གཅིག་སེམས་གཅིག་གིས་༸གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་དང་ལེན་བྱས་ན་ཁོང་གིས་ང་ཚོ་དུས་ནམ་ཡང་བསླུ་མི་སྲིད་པས་བགྲེལ་ཡོལ་མ་གནང་རོགས་ཞུ་བའི་སྙན་ཞུ་དེ་དག་གི་ཚབ་ཏུ་ཁྱེད་གྱི་གསུང་བ་ལ་མངོན་པར་བསྟོད་དོ།།ཁྱེད་ལ་སྐྱབས་སུ་འཆི་འོ།།ཁྱེད་ཀྱི་གསུང་བ་དེ་དེ་བཞིན་ནོ།།ང་ཚོས་ནུས་ཤུགས་ཡོད་དགུ་བཏོན་ཏེ་ཁྱེད་ཀྱི་བཀའ་དགོངས་བཞིན་རང་ཉིད་ཀྱི་འགན་འཁྲི་ཁུར་ཐུབ་པ་བྱེད་ཀྱི་ཡིན། སྐྱེ་པ་ནས་ཚེ་རབས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ་ལོ་ཞེས་ཞུས་ན་འཚམས་ཤིང་འོས་སོ།།
{jcomments on}