བོད་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་དངོས་གཞི།
ཐེངས་འདིའི་འོས་བསྡུའི་སྐབས་བོད་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་དང་། བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པ་འདེབས་བསྐོ་བྱེད་ཀྱི་ཡོད་པ་བཞིན། རྒྱ་གར་གཙོས་བོད་རིགས་གནས་སྡོད་བྱེད་སའི་ས་གནས་ཚང་མར་འོས་བསྡུ་གྲ་སྒྲིག་བྱས་ཡོད་པ་མ་ཟད། མི་མང་གིས་ཀྱང་སྔར་དང་མ་འདྲ་བའི་དོ་སྣང་དང་གཟབ་ནན་བྱེད་ཀྱི་ཡོད་པ་རེད། དྭངས་བླངས་ཚོགས་པ་འདྲ་མིན་དང་མི་སྒེར་པ་སོགས་ཀྱི་འོས་མི་འདྲ་མིན་འདེབས་སྒྲིག་གིས་ཁྱབ་བསྒྲགས་བྱས་པ་དང་། འོས་ཤོག་ངེས་པར་དུ་འཕེན་དགོས་པའི་ལས་འགུལ་ཡང་སྔོན་འགྲོ་དང་དངོས་གཞི་གཉིས་ཀྱི་སྐབས་སུ་བྱས་ཡོད་པ་རེད།
ད་ལྟ་འཚོག་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཐོག་༧གོང་ས་མཆོག་གིས་ཁོང་བགྲེས་ཡོལ་གནང་རྒྱུ་ཡིན་སྐོར་གྱི་གསུང་འཕྲིན་གནང་བར་བརྟེན། གྲོས་ཚོགས་ནང་བགྲོ་གླེང་བྱས་མཐར་༧གོང་ས་མཆོག་གིས་མུ་མཐུད་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དགོས་པའི་གསོལ་འདེབས་ཞུས་ཡོད་ནའང་། ༧གོང་ས་མཆོག་གིས་ཞལ་བཞེས་མ་གནང་བར་བརྟེན། ད་ལྟ་དེ་མར་ལྷག་ཡོད་པ་དང་། ཐེངས་འདིའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་དེ་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད་པར་རེད།
འོས་བསྡུ་ཆེན་མོ་འདིར་རྒྱལ་སྤྱིའི་གསར་འགོད་པ་ཡང་ཆེས་མང་པོ་དོ་སྣང་བྱེད་ཀྱི་ཡོད་པ་ལྟར། གསར་འགོད་པ་མང་པོ་འོས་བསྡུ་བྱེད་སར་སླེབས་ནས་གནས་ཚུལ་ལ་རྒྱུས་ལོན་བྱེད་ཀྱི་ཡོད་པ་དང་། བོད་ཡུལ་རྒྱ་ནག་གི་བཙན་འོག་དུ་ཡོད་པས། སྐྱབས་བཅོལ་བོད་མི་ཚོས་འོས་ཤོག་བླུགས་པ་འདིས་སྐྱབས་བོད་མི་ཚོ་རྒྱ་ནག་གི་འོག་ཏུ་ཡོད་པ་དང་མ་འདྲ་བའི་རང་དབང་གི་བརྡ་ལན་ཞིག་ཀྱང་རྒྱ་ནག་ལ་ཆགས་ཀྱི་ཡོད་པ་རེད།།
{jcomments on}