རང་ལོ་༡༦ ཅན་གྱི་བློ་བཟང་འཇམ་དབྱངས་འཛིན་བཟུང་།
ཁོང་འཛིན་བཟུང་བྱེད་མཁན་རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་རྣམས་ཀྱིས་ཁོང་ཚང་གི་ཕྱི་སྒོ་གཏོར་ནས་ནང་དུ་འཛུལ་ཡོད་པ་དང། སྐབས་དེར་ཁོང་དང་མཉམ་དུ་དབང་ཕྱུག་དང་བསོད་ནམས་ཞེས་པ་གཉིས་ཡོད་པ་དེ་གཉིས་ཀྱང་མཉམ་དུ་བཙན་ཁྲིད་བྱས་ཡོད་འདུག དེ་མིན་མཐའ་བ་གོང་འགབ་ཀྱི་སྡེ་པ་གཉིས་ཀྱི་ནང་ནས་མི་སྐྱ་ཕོ་མོ་མང་པོ་ཞིག་ཕྱི་ཚེས་༢༡ དང་༢༢ ཉིན་སོ་སོའི་མཚན་མོར་འཛིན་བཟུང་བྱས་ཡོད་ཚུལ་འདུག་ནའང་མི་སུ་ཡིན་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་།
འཛིན་བཟུང་བྱེད་པའི་དུས་ཚོད་ཚང་མ་མཚན་མོའི་དུས་ཚོད་༡༢ ནས་༣ པ་བར་ཡིན་འདུག་ཅིང་། ནང་དུ་ཡོང་སྐབས་ཕྱི་སྒོ་གཏོར་ནས་ནང་དུ་ཡོང་གི་ཡོད་པ་སོགས་མཐོང་ཆུང་དང་བརྙས་བཅོས་ཀྱི་རྣམ་འགྱུར་ཤུགས་ཆེན་པོ་སྟོན་གྱི་ཡོད་འདུག
དེའི་གོང་གི་ཕྱི་ཚེས་༢༠ ཉིན་ཨ་མདོ་རྔ་པའི་བོད་མི་ཕལ་མོ་ཆེས་ཕྱི་ལ་ཐོན་ནས་དགའ་བའི་རྣམ་འགྱུར་ཤུགས་ཆེན་པོ་ཞིག་སྟོན་མ་ཐུབ་པར་བརྟེན། རང་རང་གི་ཁང་ཁྱིམ་ཕྱི་ནང་ལ་གཙང་སྦྲ་ལེགས་པར་བྱས་ཤིང། མཆོག་གསུམ་གྱི་རྟེན་དྲུང་དུ་མཆོད་པ་ཕུལ་ཏེ་བོད་བསྟན་སྲིད་ལ་ཕན་ངེས་ཅན་གྱི་བཀའ་བློན་ཁྲི་པ་ཞིག་དང་སྤྱི་འཐུས་ཤིག་ཡོང་རེས་གདུང་ཤུགས་དྲག་པོས་གསོལ་བ་སྨོན་ལམ་བཏབ་ནས་དགེ་བའི་ལས་ལ་འབད་དེ་བསྡད་པ་ཡིན་ཞེས་གསུང་གི་འདུག
ཡང་ཉིན་དེའི་མཚན་མོའི་ཆུ་ཚོད་༣ པ་ཡས་མས་སུ་རྔ་པ་རྫོང་ཐོག་ནས་ཤོག་སྦག་ཅུང་ཙམ་སྦར་འདུག་པར། དེ་མ་ཐག་དམག་མི་དང་ཉེན་རྟོག་པ་སླེབས་ནས་བོད་མི་ཁ་ཤས་ཤིག་འཛིན་བཟུང་བྱས་འདུག་ཀྱང་མིང་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་བ་བཅས་ཉིན་ཤས་རིང་ཨ་མདོ་རྔ་པ་ནས་བོད་མི་མང་པོ་ཞིག་འཛིན་བཟུང་བྱས་དང་བྱེད་མུས་ཡིན་པ་སོགས་ཀྱིས་གནས་སྟངས་ཉིན་རེ་ལས་ཉིན་རེ་སྡུག་ཏུ་འགྲོ་གི་ཡོད་པ་རེད།
རྔ་པ་ཀིརྟིའི་དགོན་དུ་མུ་མཐུད་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་བཞིན་འདུག་པར། ཕྱི་ཚེས་༢༣ ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་སྐོར་གྱི་རྩ་ཁྲིམས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་འདུམ་འགྲིག་སྐོར་གྱི་བཅའ་ཁྲིམས་ཞེས་པའི་དེབ་གསུམ་དགེ་འདུན་པ་རྣམས་ལ་རེ་རེ་བཞིན་སྤྲད་ནས་གྲྭ་པ་རྣམས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གོ་རྟོགས་སྤེལ་དགོས་ཚུལ་བརྗོད་ཀྱིན་ཡོད་འདུག །
གནས་ཚུལ་མཁོ་སྤྲོད་པ་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།
{jcomments on}