བལ་ཡུལ་དུ་འོས་བསྡུ་ཆེན་མོའི་ལས་རིམ་འགྲོ་མ་ཐུབ་པ།

ཟླ་འདིའིི་ཚེས་༢༠ ཉིན་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་གང་སར་དབུས་འོས་བསྡུ་ལས་ཁུངས་ཀྱི་བཀོད་ཁྱབ་འོག་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་བྱས་ཡོད་ཀྱང། བལ་ཡུལ་དུ་མི་མང་ལ་ས་གནས་འོས་བསྡུ་ལས་ཁུངས་ནས་ཡིག་ཐོག་གི་གསལ་བསྒྲགས་དང་མཉམ་རྒྱལ་ཡོངས་འོས་བསྡུ་གོ་སྒྲིག་བྱས་མེད་པ་རེད།

དེའི་ཐད་གསལ་བསྒྲགས་ནང་དོན་དང་ས་གནས་འོས་བསྡུའི་འགན་འཛིན་འཕྲིན་ལས་རྒྱ་མཚོས་བརྗོད་དོན། “བལ་ཡུལ་དུ་སྔོན་འགྲོའི་འོས་བསྡུ་ཆེན་མོའི་སྐབས་བལ་ཡུལ་གཞུང་གིས་འོས་སྒམ་བཙན་འཕྲོག་བྱས་པ་དང། འོས་བསྡུའི་ལས་རིམ་བཀག་འགོག་བྱས་པའི་ཉམས་མྱོང་ལས་དངོས་གཞིའི་འོས་བསྡུ་ལ་སྔ་ས་ནས་གྲ་སྒྲིག་ཆེད་དབུས་ས་གཉིས་ནས་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གིས་ཞུ་གཏུགས་རིམ་པར་བྱས་རྗེས། གནས་ཡུལ་གཞུང་གི་ཁྲིམས་ལ་བརྩི་སྲུང་དགོས་པ་༸གོང་ས་མཆོག་དང་བཙན་བྱོལ་གཞུང་གི་བཀའ་སློབ་ལམ་སྟོན་ལྟར་དངོས་གཞིའི་འོས་བསྡུ་བྱ་ཕྱོགས་ཐད་ཀཱ་ཐ་མན་གྲུ་རྫོང་དཔོན་ལ་ལུགས་མཐུན་བཀའ་འཁྲོལ་ཞུས་པ་དང། ས་གནས་འོས་བསྡུའི་འགན་འཛིན་དང་འབྲེལ་ཡོད་རྣམས་ཆེད་བཅར་གྱིས་བལ་ཡུལ་བོད་མི་ཚོས་ཞི་འཇམ་མངོན་གསལ་མེད་པའི་ཐོག་འོས་བསྡུ་བྱེད་ཆོག་པའི་ཐད་ཚེས་༢༠ ཉིན་འོས་བསྡུ་ཆོག་པའི་བཀའ་འཁྲོལ་གནང་ཐབས་མེད་ཀྱང། ཟླ་༤ བའི་ཚེས་༡༠ ནང་ཚུད་དུས་ཚེས་གང་རུང་ལ་བཀའ་འཁྲོལ་གནང་ཐབས་ཡོང་བའི་འབོད་སྐུལ་ནན་མོ་ཞུས་སྐབས། རྫོང་དཔོན་མཆོག་ནས་སྲིད་བློན་དང་ནང་སྲིད་རིམ་པའི་གོང་རིམ་ལ་སྙན་སེང་ཞིབ་ཕྲ་ཞུས་ཏེ། གོང་རིམ་ནས་བཙན་བྱོལ་བོད་མི་ཚོས་རྒྱལ་ཁོངས་ནས་འོས་བསྡུ་བྱེད་པ་ནི་གཞུང་གི་ཁྲིམས་དང་མི་མཐུན་པ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་ཀྱི་འབྲེལ་ལམ་ཐོག་གནོད་གཞིའི་བྱ་སྤྱོད་ལ་སོང་བས། བཀའ་འཁྲོལ་བསྩལ་ཐབས་མེད་སྐོར་བརྗོད་འདུག

འདེམས་ཤོག་བླུགས་མ་ཐུབ་པའི་གནད་དོན་དེའི་ཐད་བོད་མི་ཚོས་བློ་ཕམ་ཆེན་པོ་བྱེད་བཞིན་པ་དང་བོད་མི་བྱམས་པ་ཕུན་ཚོགས་ནས་བཤད་ན་ཉིན་ཤས་སྔོན་བོད་མི་དྭངས་བླངས་ལྷག་བསམ་ཅན་ཁག་གཅིག་གིས་ཞི་བའི་སྐད་འབོད་བྱས་པ་ཙམ་གྱིས་འཛིན་བཟུང་བཙོན་འཇུག་བྱས་པ་དང། ད་ཆ་མང་གཙོའི་གཞུང་ཞིག་གིས་མང་གཙོའི་འོས་འདེམས་ཀྱི་ལས་རིམ་སྤེལ་བར་བཀག་འགོག་བྱེད་བཞིན་པ་ནི་རྒྱ་ནག་གི་འཕྲོས་ཛ་དྲག་གནས་སྟངས་གཉིས་པ་ཡིན་སྐོར་བརྗོད་སོང་། ཡང་བསྟན་འཛིན་ཉི་མས་དེ་ནི་བལ་ཡུལ་གཞུང་གི་ད་ལྟ་ཙམ་མ་ཡིན་པར་མ་འོངས་པའི་མི་རབས་དང་རྒྱལ་རབས་ལ་ཡོང་རྒྱུའི་ངོ་ཚ་དགོས་པའི་བྱ་སྤྱོད་ཡིན་ཚུལ་དང། ཕྱོགས་གཞན་ནས་ཆོག་མཆན་ཞུ་སྟངས་སོགས་ལས་འོས་བསྡུ་ལས་ཁུངས་ནས་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་སར་མ་བརྒྱབ་པ་དང་། འོས་བསྡུ་བྱེད་རྒྱུར་འབད་བརྩོན་ཐབས་ལམ་མ་སྤེལ་བར་བལ་ཡུལ་ཀྱི་བཀའ་གསུང་ཅི་བསྒྲུབ་བྱས་བསྡད་ན་ཡོང་ཐབས་མེད་པའི་བསམ་ཚུལ་ཡིན་སྐོར་བརྗོད་སོང། བལ་ཡུལ་རྒྱལ་ཁབ་ནི་རྒྱ་གར་གྱི་རྗེས་སུ་བོད་མི་མང་ཤོས་འདུས་སྡོད་བྱེད་ཡུལ་གཉིས་པ་དེ་ཡིན་པ་དང། འོས་བསྡུའི་འགན་འཛིན་འཕྲིན་ལས་རྒྱ་མཚོས་བརྗོད་ན་སྤྱིར་སྔོན་འགྲོའི་འོས་བསྡུ་གཞིར་བཞག་བལ་ཡུལ་རྒྱལ་ས་དང་ལཱ་ལེ་པུར་རྫོང་ཁོངས་གཉིས་ལ་བོད་མི་ལྔ་སྟོང་ལྷག་གིས་འོས་བསྡུའི་ཆེད་དེབ་བསྐྱེལ་བྱས་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང།།

{jcomments on}