སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བ།
ཟླ་འདིའི་ཚེས་༢༣ ཉིན་དྷ་སར་ཡོད་པའི་བོད་གཞུང་དབུས་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་མཛད་སྒོ་ཞིག་འཚོགས་ཡོད་པ་དང། སྐབས་དེར་སྐུ་མགྲོན་གྱི་གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། ཧི་མ་ཅལ་མངའ་སྡེ་གཞུང་གི་འཕྲོད་བསྟེན་བློན་ཆེན་རཱ་ཇིའི་བྷན་དྷར་དང་སུ་ཌིན་རྒྱལ་ཁབ་ཀྱི་གཞུང་ཚབ་པ། སྨན་རྩིས་ཁང་དབུས་ས་གཉིས་ཀྱི་ལྷ་རྗེ་དང་འབྲེལ་ཡོད་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་ལྷག་འཛོམས་འདུག དང་ཐོག་༧གོང་ས་མཆོག་གིས་འགྲེམས་སྟོན་ཁང་དང་སྨན་རྩིས་དྲ་བ་དབུ་འབྱེད་གནང་བ་དང། དེ་ནས་ལས་བྱེད་རྒན་གྲས་དང་སློབ་མ་རྩེ་ཕུད་ལ་བྱ་དགའ་དང་དཔེ་དེབ་དབུ་འབྱེད། ལས་བསྡོམས་སྙན་སྒྲོན་སོགས་གྲུབ་པའི་རྗེས་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན།
“ལོ་ལྔ་བཅུའི་རིང་ལ་སྤྱིར་འཇིག་རྟེན་གྱི་ནང་ལ་འགྱུར་བ་མང་པོ་འགྲོ་ཡི་ཡོད་པ་དང། ལྷག་པར་དུ་བཙན་བྱོལ་བོད་མིའི་གནས་བབ་ལ་འགྱུར་བ་མང་པོ་ཞེ་དྲག་སོང་བ་རེད། རྒྱུན་གནས་ཐུབ་པའི་སྒྲིག་འཛུགས་ཁག་གི་ནང་ནས་དྷ་སའི་སྨན་རྩིས་ཁང་གཅིག་ཆགས་ཀྱི་ཡོད་པ་དང། ༧གོང་ས་མཆོག་གི་བླ་སྨན་གྱི་ཞབས་ཞུའི་མཚོན་པའི་བོད་མི་དང། འཇིག་རྟེན་སྐྱེ་འགྲོ་ཡོངས་ལ་གསོ་བ་རིག་པའི་སྲོལ་རྒྱུན་གྱི་ཐོག་ནས་ཞབས་འདེབས་ཞུས་ཡོད་པ་ལ་རྗེས་སུ་ཡི་རངས་ཡོད། རྩ་བའི་བོད་ཀྱི་གསོ་བ་རིག་པའི་རྒྱུན་ལུགས་དང་ལག་ལེན་ཧ་ཅང་རྒྱ་ཆེན་པོ་རེད། དེའི་ནང་ནས་བོད་ཀྱི་གསོ་བ་རིག་པ་དང་རྒྱ་གར་གྱི་ཚིག་གི་རིག་བྱེད། བོད་ཀྱི་གསོ་བ་རིག་པ་དང་དེང་རབས་ཀྱི་སྨན་གཞུང་དབར་ལ་མཚུངས་བསྡུར་དང་ཉམས་ཞིབ་ཀྱི་ཐོག་ནས། གསར་གཏོད་ཀྱི་ལས་དོན་ཧ་ཅང་རྒྱ་ཆེན་པོ་བྱེད་རྒྱུུའི་གོ་སྐབས་ཡོད་པ་ཞིག་ཡིན་པ་དང། གོ་སྐབས་ཆ་ཚང་ལེན་རྒྱུ་དེ་དྷ་རམ་ས་ལའི་སྨན་རྩིས་ཁང་འདི་སྒྲིག་འཛུགས་གལ་གནད་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད།
ལྷག་པར་དུ་ཉེ་བའི་ཆར་རྒྱ་གར་གཞུང་གི་སྨན་རིགས་ཀྱི་གྲས་སུ་བོད་ཀྱི་གསོ་བ་རིག་པ་ཁྲིམས་མཐུན་གྱི་ངོས་ལེན་བྱུང་བ་དེས། མ་འོངས་པར་ད་དུང་ང་ཚོས་ལས་དོན་བྱེད་རྒྱུ་མང་དུ་སོང་བ་དང་། བྱེད་ཕྱོགས་བདེ་རུ་སོང་བ་རེད། དེར་བརྟེན་བཙན་བྱོལ་བོད་གཞུང་དང་བཙན་བྱོལ་སྤྱི་ཚོགས་ཀྱི་ངོས་ནས། དྷ་སའི་སྨན་རྩིས་ཁང་ལ་རེ་བ་ཆེན་པོ་ཞེ་དྲག་ཡོད་རེད་བསམ་གྱི་ཡོད། རེ་བ་དེ་དག་བསྐོང་ཐུབ་རྒྱུའི་ཆེད་དུ། ངེས་སྟོན་པས་གོང་དུ་ལས་བསྡོམས་ནང་གསུངས་པ་ཇི་བཞིན། ཟླ་བ་ཁ་ཤས་ཀྱི་སྔོན་ནས་བཀའ་ཤག་གི་ལས་དོན་ཚོགས་ཆུང་ཆེད་འཛུགས་ཞུས་ཏེ། ཤེས་ཡོན་དང་འཛིན་སྐྱོང་གཉིས་ཀའི་ལས་དོན་ཡོངས་རྫོགས་ལ། ལེགས་ཆ་དང་ཞན་ཆ་གང་དང་གང་ཡོད་མེད་དང། མ་འོངས་པར་གནང་ཐུབ་པའི་ལས་དོན་གང་ཡོད་མེད་ལ་ཞིབ་ཚགས་པོ་བྱས་ཡོད་པ་རེད། དེ་ཚོ་ལག་བསྟར་གནང་ཐུབ་རྒྱུའི་ཆེད་དུ། མཛད་གཙོ་རྣམ་པ་ཚང་མས་ཐུགས་འཁུར་བཞེས་ནས་ཕྱར་གྲུ་མཉམ་འདེགས་གནང་རྒྱུའི་རེ་བ་བྱེད་ཀྱི་ཡོད།
དེ་རིང་འདིར་མངའ་སྡེ་གཞུང་གི་འཕྲོད་བསྟེན་བློན་ཆེན་མཆོག་ཕེབས་པར་ཞེ་དྲག་དགའ་པོ་བྱུང་ལ། ཚང་མར་བློ་སྤོབས་བྱེད་རྒྱུའི་གཞི་རྟེན་ཞིག་རེད། ཧི་ལ་ཅལ་གྱི་ཁུལ་ལ་ཡོད་པའི་རྒྱ་གར་གྱི་མངའ་སྡེ་བདུན་དང་མངའ་སྡེ་བཅུ་གཅིག་ཅེས་བརྩི་སྲོལ་ཞིག་ཡོད་པ་རེད། དེ་ཚོ་ཚང་མ་ཧི་མ་ལའི་རིགས་རྒྱུད་དང་འབྲེལ་བ་ཆགས་ཀྱི་ཡོད་པས། སྔོན་མའི་འབྱུང་ཁུངས་ཤིག་ཆགས་ཀྱི་ཡོད་པ་རེད་ལ་གསོ་བ་རིག་པ་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཀྱི་ཡོད་པ་རེད། མ་འོངས་པར་ཧི་མ་ཅལ་གཞུང་དང་སྨན་རྩིས་ཁང་གཉིས་མཉམ་དུ་ལས་དོན་མང་པོ་མཉམ་རུབ་བྱེད་ཐུབ་རྒྱུ་དང། ལྷག་པར་དུ་སྟོང་ལ་ཉེ་བའི་སྔོ་སྨན་དེ་ཚོ་མ་འོངས་པར་སྲུང་སྐྱོབས་ཇི་ལྟར་བྱེད་ཐུབ་ཀྱི་ཡོད་མེད་དང་དར་ཁྱབ་ཇི་ལྟར་འགྲོ་ཐུབ་མིན་ཐད་ལ། མངའ་སྡེ་གཞུང་དང་མངའ་སྡེའི་ཤིང་ནགས་ལས་ཁུངས་ཀྱི་ངོས་ནས་ཐུགས་འགན་ཆེན་པོ་བཞེས་དགོས་ཀྱི་ཡོད་རེད་དྲན་གྱི་འདུག་ལ། དེ་ཚོའི་ཐོག་ལ་མངའ་སྡེ་གཞུང་དང་སྨན་རྩིས་ཁང་གཉིས་ཟུང་འབྲེལ་གྱི་ཐོག་ནས་གནང་ཐུབ་པ་ཡིན་ན་ཡག་པོ་ཡོད་རེད་དྲན་གྱི་འདུག་”ཅེས་གསུངས་སོང་།
དེ་རྗེས་ཧི་མ་ཅལ་མངའ་སྡེ་གཞུང་གི་འཕྲོད་བསྟེན་བློན་ཆེན་རཱ་ཇིའི་བྷན་དྷར་མཆོག་གིས་གསུངས་དོན། “འདས་པའི་ལོ་ལྔ་བཅུའི་རིང་བོད་གཞུང་སྨན་རྩིས་ཁང་གིས་ལས་དོན་བསྒྲུབས་པ་ཁག་ལ་གྲུབ་འབྲས་འབུར་དུ་ཐོན་འདུག་པ་དེ་ཧ་ཅང་གི་གལ་གནད་ཆེན་པོ་ཆགས་ཡོད་ཅིང། དེ་དང་འབྲེལ་ནས་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་པ་བཞིན། འདས་པའི་ལོ་རྒྱུས་ནང་བོད་དང་རྒྱ་གར་གཉིས་དབར་འབྲེལ་བ་ཆེན་པོ་ཡོད་ཅིང། དེའི་ནང་ནས་མངའ་སྡེ་འདི་དང་བོད་པའི་སྨན་གཞུང་དབར་འབྲེལ་ལམ་བཟང་པོ་ཡོད་པས། དབུས་མངའ་སྡེ་གཞུང་དང་སྨན་རྩིས་ཁང་གཉིས་དབར་མཉམ་ལས་བྱེད་རྒྱུའི་གོ་སྐབས་ཡོད། མངའ་སྡེ་གཞུང་ཕྱོགས་ནས་སྲོལ་རྒྱུན་གྱི་སྨན་གཞུང་ཉམས་གསོ་སོགས་ཀྱི་ལས་དོན་འགྲོ་བཞིན་ཡོད་པས། དེའི་ནང་སྨན་རྩིས་ཁང་ནས་ཆ་ཤས་ལེན་རྒྱུར་དགའ་བསུ་ཞུ་ཡི་ཡོད། དེ་བཞིན་བོད་ཀྱི་བདེན་མཐའ་གསལ་ནས་༧གོང་ས་མཆོག་བོད་དུ་ཆིབས་བསྒྱུར་བསྐྱངས་ཐུབ་རྒྱུའི་སྨོན་ལམ་ཡོད་”ཅེས་སོགས་གསུངས་སོང།
དེ་རྗེས་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། “ལས་བསྡོམས་ནང་གསལ་པོ་བཀོད་པ་ལྟར་འདས་པའི་ལོ་ལྔ་བཅུའི་ནང་གྲུབ་འབྲས་གང་ལ་གང་འཚམས་ཐོན་ཡོད་པ་གསལ་པོ་རེད། གྲུབ་འབྲས་གང་འཚམས་ཐོན་ཡོད་པ་དེར་ཆོག་ཤེས་བྱས་ནས། ད་འགྲིག་ཡོད་བསམ་ནས་བསྡད་པ་དེ་ཡར་རྒྱས་འགྲོ་རྒྱུའི་འགོག་རྐྱེན་གཙོ་བོ་རེད་འདུག ང་ཚོའི་ལས་ཀ་ག་འདྲ་ཞིག་ཡིན་རུང་རྒྱུན་ལྡན་ལྟར་མིན་པར་ཡར་རྒྱས་གཏོང་དགོས་ཀྱི་ཡོད་རེད། ངས་ལྷ་རྗེ་ཚོར་རྩེད་མོའི་ཐོག་ནས་ཚ་གྲང་གི་དབྱེ་བ་འབྱེད་ཤེས་པ་ཙམ་གྱིས། ཚ་བའི་ན་ཚ་འདུག་ཟེར་ནས་བསིལ་བའི་སྨན་ཞིག་སྤྲད། གྲང་བའི་ན་ཚ་འདུག་ཟེར་ནས་ཚ་བའི་སྨན་ཞིག་སྤྲད་པ་དེས་འདང་གི་ཡོད་མ་རེད། ཁྱེད་རང་ཚོར་གསོ་བ་རིག་པའི་སློབ་སྦྱོང་ཡོད་པ་དེར་གཞི་རྩར་བཞག དེའི་ཐོག་ལ་ཉམས་མྱོང་ཡོད་པ་དེ་ཕྱོགས་བསྡོམས་དང། དུས་དུས་སུ་ས་གནས་དང་ནད་པ་འདྲ་མིན་བརྒྱུད་ནས་ནད་རིགས་གསར་པ་ཡོད་བ་དེ་ཚོར། སྨན་རིགས་འཕྲོད་མི་འཕྲོད་སོགས་ཡིག་ཐོག་ཏུ་ཕབ་ཐུབ་ན། ཉམས་མྱོང་དམིགས་བསལ་བྱུང་ཡོད་པ་དེ་ཚོ་ཕྱོགས་བསྡོམས་བྱས་ནས་སྒྲིག་འཛུགས་ལ་ཕན་ཐོགས་པ་དེ་འདྲ་ཡོང་གི་རེད། དེང་སང་གོ་རྒྱུ་ཡོད་པ་ཞིག་ལ་ན་ཚ་དེ་འདྲ་ཞིག་ལ་སྨན་དེ་འདྲ་དགོས་ཀྱི་ཡོད་རེད་དེ། སྨན་རྩིས་ཁང་ལ་སྨན་དེ་རིགས་ཡོད་མ་རེད་ཟེར་ནས་ཤོད་ཀྱི་འདུག་པས་དེ་ཞབས་འདྲེན་རེད། ན་ཚར་སྨན་སྣ་འདང་བ་ཞིག་དགོས་ཀྱི་ཡོད་པ་དང། སྨན་གཞུང་ནང་བཤད་ཡོད་པ་དེ་གཞིར་བཞག་ནས། ཉམས་མྱོང་བསགས་པའི་ཐོག་ནས་སྨན་གྱི་སྦྱོར་བ་ཕྲན་བུ་འདྲ་མིན་བྱེད་རྒྱུ་དེ་ཚོད་ལྟ་བྱེད་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་རེད་འདུག
དེ་བཞིན་སྨན་སློབ་སྦྱོང་བྱེད་མཁན་བརྒྱ་ཕྲག་ཁ་ཤས་ཞེས་པ་དེ་ཉུང་དྲགས་པ་རེད། སྨན་པ་སྟོང་ཕྲག་ཁ་ཤས་ཐོན་ཐབས་སུ་སྒྲིག་འཛུགས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་དགོས་ཀྱི་ཡོད་རེད། ད་དུང་ངས་སེམས་ནང་དྲན་བསྡད་པ་ཞིག་ཤོད་སྙིང་འདོད་པ་ཞིག་ལ། བོད་སྨན་ཤེས་པ་དེ་ཞེ་དྲག་ཡིན་མདོག་བྱས་ནས་སྒེར་གྱི་དོན་དག་རྣམས་ཡག་ཐག་ཆོད་བསྒྲུབས། སྤྱི་པའི་དོན་དག་གི་ཐད་ལ་མ་ལྕོགས་ཤིག་ཤིག་སྡོད་པ་དེ་འདྲ་མིན་པ་བྱེད་དགོས་ཀྱི་རེད། ལས་ཀ་བྱེད་ཀྱི་མིན་ན་མ་བྱེད་པ་རང་བྱས་ནས་སྒེར་པ་ཐོན། སྨན་རྩིས་ཁང་དུ་བསྡད་ནས་ལས་ཀ་བྱེད་ཀྱི་ཡིན་ན། ནུས་པ་དང་དུས་ཚོད་བརྒྱ་ཆ་དྲུག་ཅུ་བདུན་ཅུ་འདིའི་ཐོག་གཏོང་དགོས་ཀྱི་རེད་མ་གཏོགས། ཕྱི་ལོགས་སུ་ཕར་འགྲོ་ཚུར་འགྲོ་བྱེད་པ་དེ་ཡག་པོ་མི་འདུག སྔོན་མ་བསྟན་འཛིན་ཆོས་གྲགས་ཡོད་པའི་སྐབས་ལ། ཕྱི་ལོགས་སོང་རྗེས་དངུལ་རག་པ་ཚང་མ་སྨན་རྩིས་ཁང་ལ་སྤྲད་ཀྱི་ཡོད་རེད། དེང་སང་དངུལ་རག་པ་དེ་སོ་སོ་རང་ཉིད་ཀྱི་ཨམ་ཕྲག་ནང་བླུགས་པ་མ་གཏོགས། སྨན་རྩིས་ཁང་ལ་སྤྲད་པ་དེ་འདྲ་གོ་རྒྱུ་མི་འདུག་”ཅེས་སོགས་བཀའ་སློབ་ཕེབས་སོང།།
{jcomments on}