ཊི་བྷི་ན་མཁན་མང་ཆེ་བ་གཞོན་སྐྱེས་རེད།
རྩེད་འགྲན་ཐོག་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་བློན་དཔལ་འབྱོར་ཚེ་རིང་དང། བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད། ཨེ་ཊ་ལིར་ཡོད་པའི་ཨེ་སི་པོ་ཞེས་པའི་ཊི་བྷི་ནད་གཞི་སྔོན་འགོག་གི་འཆར་འགོད་ཚོགས་པའི་ཚོགས་གཙོ་བཅས་ཕེབས་སོང་། དེའི་ཐོག་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ནི་འཛམ་གླིང་ཊི་བྷི་ཉིན་མོ་ཆགས་བསྡད་ཡོད་པ་རེད། དེ་སྲུང་བརྩི་བྱེད་རྒྱུ་ང་ཚོ་ལ་གནད་འགག་ཆེན་པོ་ཆགས་ཀྱི་འདུག གང་ཡིན་ཟེར་ན། ཊི་བྷི་ན་ཚ་དེ་ང་ཚོ་བོད་པའི་སྤྱི་ཚོགས་ནང་དུ་ཕྱི་ལོ་༡༩༥༩ ནས་བཟུང་སྟེ་ད་ལྟ་བར་དུ་ང་ཚོའི་བློ་ཡུལ་དུ་འཁོར་མ་མྱོང་བ་རེད། སྤྱིར་བཏང་༡༩༦༠ དང་༧༠ ནང་དང་བསྡུར་ན་ང་ཚོ་ལ་རྒྱལ་ཁ་ཐོབ་ཡོད་ཅེས་བཤད་ཆོག་གི་རེད།
ལོ་རབས་དེ་དག་ནང་དུ་བོད་མིའི་རྩ་འབོར་གྱི་བརྒྱ་ཆ་སུམ་ཅུ་ཡས་མས་ཊི་བྷི་ན་ཚ་ཡོད་པའི་ལོ་རྒྱུས་འདུག ད་ལྟ་བོད་མི་ཁྱོན་ཡོངས་ནང་དུ་སྟོང་ཕྲག་ཡས་མས་མ་གཏོགས་ཡོད་མ་རེད། ང་ཚོའི་ནང་དུ་ཊི་བྷི་ན་ཚ་ན་མཁན་མང་ཆེ་བ་ལ་གཞོན་སྐྱེས་རེད་འདུག དེ་ཚོའི་གཟུགས་པོའི་གནས་སྟངས་དེ་སྨན་གྱི་ནུས་པས་ཁྱབ་མི་ཐུབ་པ་དེ་འདྲ་ཆགས་ཀྱི་འདུག དེར་བརྟེན་ཡིད་གཟབ་དང་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་རེད་འདུག་ཅེས་གསུངས་སོང།།
{jcomments on}