སྐབས་བཅུ་གཅིག་པའི་གྲོས་ཚོགས་མཇུག་བསྡུ་དང་གྲོས་ཆོད་ཁག

ཐེངས་འདིའི་གྲོས་ཚོགས་སུ་༧གོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་ཐོག་ནས་བགྲེས་ཡོལ་ཆ་ཚང་ཕེབས་རྒྱུ་ཡིན་པའི་གསུང་འཕྲིན་རིན་པོ་ཆེ་ཕེབས་ཡོད་པ་དང། གསུང་འཕྲིན་དེར་སྤྱི་འཐུས་རྣམས་ཀྱིས་བགྲོ་གླེང་གི་ཐོག་ནས་༧གོང་ས་མཆོག་ལ་ཆབ་སྲིད་ཀྱི་ཐུགས་འགན་བཞེས་རོགས་ཞེས་གསོལ་བ་བཏབ་ཡོད་ཀྱང། ཞལ་བཞེས་མ་གནང་བར་ཕྱིར་གྲོས་ཚོགས་སུ་གསུང་འཕྲིན་ཕྱག་བསྟར་གནང་དགོས་པའི་བཀའ་ནན་ཕེབས་པ་བཞིན། གྲོས་ཚོགས་ནས་གསུང་འཕྲིན་ཕྱག་བསྟར་གནང་ཕྱོགས་ཐད་ལས་འཆར་ཚོགས་ཆུང་ཞེས་པ། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དང་ཚོགས་གཞོན་རྒྱ་རི་སྒྲོལ་མ། སྤྱི་འཐུས་ལྷ་མོ་སྐྱབས་བཅས་བསྐོ་བཞག་གནང་ཡོད་པ་དང། ཚོགས་ཆུང་གིས་ཞིབ་བསྡུར་གྱི་ཐོག་ནས་གྲོས་ཚོགས་སུ་གསུང་འཕྲིན་རིན་པོ་ཆེ་ཕྱག་བསྟར་གནང་ཕྱོགས་ཀྱི་ཐད་ལ་རྒྱབ་གཉེར་སྙན་ཐོ་དང། བཅའ་ཁྲིམས་བསྐྱར་བཅོས་ཞུ་ཕྱོགས་ཐད་ལ་ཟུར་འཛར་དང་པོ་ཞེས་པ་དང། ཟུར་འཛར་གཉིས་པ་སྔོན་གླེང་ཞེས་པ་ཕུལ་ནས་གྲོས་ཚོགས་སུ་བགྲོ་གླེང་གནང་སྟེ་གྲོས་ཆོད་ཁག་ཅིག་བཞག་ཡོད་པ་རེད།

end the assemblyགྲོས་ཆོད་ཁག་ནི། དང་པོ། ༧གོང་ས་མཆོག་གི་གསུང་འཕྲིན་ཕྱག་བསྟར་གནང་ཕྱོགས་ཐད་ལ་བཀའ་སྤྱི་གཉིས་ལས་གྲུབ་པའི་ཟིན་བྲིས་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་རྒྱུ། གཉིས་པ། ཟིན་བྲིས་ཚོགས་ཆུང་དེས་ལས་འཆར་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ་དང་སྤྱི་འཐུས་ཚོའི་དགོངས་གཞི་གཞིར་བཞག་གིས། ལས་རིམ་ཇི་འགབ་བབ་གཟིགས་ཀྱིས་ཟིན་བྲིས་འགོད་རྒྱུ་དང་ཚོགས་ཆུང་གི་སྙན་ཐོ་༢༠༡༡ ཟླ་༤ ཚེས་༡༡ ནང་ཚུན་ཚོགས་དྲུང་ལས་ཁུངས་སུ་འབུལ་ཐུབ་པ་དགོས་རྒྱུ། གསུམ་པ། གོང་གསལ་ལས་དོན་ཁག་གྲུབ་མཚམས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༤ པའི་ཚོགས་འདུ་འཕར་མ་བསྡུ་བསྐོངས་ཀྱིས་སྙན་ཐོ་ལག་བསྟར་ཞུ་ཕྱོགས་བཀའ་བསྡུར་ཐག་གཅོད་གནང་རྒྱུ། བཞི་པ། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཀྱི་ནང་དོན་ལས་འཆར་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོའི་ཟུར་འཛར་གཉིས་པའི་སྔོན་གླེང་དང། དོན་ཚན་དང་པོའི་ཚིག་དོན་ལ་བསྐྱར་བཅོས་གནང་འོས་གནང་སྟེ། ༧གོང་ས་མཆོག་ལ་བཅའ་ཁྲིམས་སུ་འགོད་ཆོག་པའི་གསོལ་འདེབས་ཞུ་ཕྱོགས་ཀྱི་སྐོར་༢༠༡༡ ཟླ་༥ བདུན་ཕྲག་གསུམ་པ་ནང་ཚུན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་འཚོག་རྒྱུ་དང།  དེའི་དུས་ཚེས་དང་འཚོག་ཡུལ་བཅས་པ་སྤྱི་འཐུས་རྒྱུན་ལས་ཀྱིས་ཐག་གཅོད་གནང་རྒྱུ་དང།  ཚོགས་ཆེན་གྱི་མི་འགྲོ་སྔར་ལམ་ལྟར་བྱ་རྒྱུའི་ཐོག སྐབས་༡༥ པར་འདེམས་ཐོན་སྤྱི་འཐུས་རྣམས་གདན་ཞུ་བྱ་རྒྱུ་ཞེས་འཁོད་ཡོད་པ་རེད།

དེ་དང་འབྲེལ་ནས་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་སྐབས་བཅུ་གཉིས་པ་དང། སྐབས་བཅུ་གསུམ་པ་གཉིས་ཀྱི་དུས་ཡུན་རིང་༧གོང་ས་མཆོག་གི་དགོངས་གཞི་གཙོ་བཟུང་ཐོག ལས་འཆར་སྣ་མང་དོན་དང་ལྡན་པའི་ངང་ཕྱག་བསྟར་གནང་བ་སོགས་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་པའི་སྤྱི་མོས་ཀྱི་གྲོས་ཆོད་ཀྱང་བཞག་སྟེ། ཐེངས་འདིའི་གྲོས་ཚོགས་རྒྱལ་ཁའི་ངང་མཇུག་སྒྲིལ་གནང་ཡོད་པ་རེད།།

{jcomments on}